ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༤ ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་ཧི་མཱ་ཅལ་གསར་ལས་ཁང་ Himachal Dastak གི་གསར་འགོད་པའི་དྲི་བར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལན་འདེབས་གནང་བའི་ལས་རིམ་དྲ་ལམ་བརྒྱུད་ཐད་གཏོང་གནང་འདུག སྐབས་དེར་གསར་འགོད་པས་དེང་སྐབས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེ་བའི་དུས་སྐབས་འདིར་བོད་མི་ཚོས་ཏོག་དབྱིབས་གཉན་རིམ་ལ་དུས་བསྟུན་གདོང་ལེན་གནང་བཞིན་པ་དང་། དུས་མཚུངས་བོད་དོན་བདེན་པའི་འཐབ་རྩོད་ཀྱང་མུ་མཐུད་གནང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་ལ་ནད་ཡམས་དེ་དང་འབྲེལ་ནས་ལྟ་ཕྱོགས་གང་འདྲ་ཡོད་མེད་ཀྱི་དྲི་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཉེ་ལམ་རྒྱ་གར་གྱི་ལ་དྭགས་ས་མཚམས་སུ་རྒྱ་མིས་དཔུང་འཇུག་བྱས་ཡོད། སྤྱིར་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན། ཐེ་ཝན། ལ་དྭགས། ཨ་རུ་ནཱ་ཅལ་སོགས་རྒྱ་ནག་གི་ཆ་ཤས་ཡིན་ཡང་ཏོག་དབྱིབས་གཉན་རིམས་དེ་རྒྱ་ནག་ནས་བྱུང་བ་མ་རེད། ཅེས་ཧམ་བཤད་ཤ་སྟག་བྱས་རྐྱེན་ད་ཆ་འཛམ་གླིང་མི་མང་གིས་རྒྱ་ནག་གཞུང་ལ་ཡིད་ཆེས་ཇེ་ཆུང་དུ་འགྲོ་བཞིན་ཡོད། ཏོག་དབྱིབས་གཉན་རིམས་དེ་རྒྱ་ནག་ནས་ཡོང་བ་ཞིག་ཡིན་པ་ས་རིས་ཐང་གསལ་ཡིན་བཞིན་དུ་དེར་བསྙོན་ནས་ཤེས་བཞིན་དུ་ངོས་ལེན་རྩ་བ་ཉིད་ནས་བྱེད་ཀྱི་མེད། ཅེས་ལན་འདེབས་གནང་ཡོད།
གསར་འགོད་པས་དེང་སྐབས་རྒྱ་ནག་གཞུང་གིས་ནད་ཡམས་ཁྱབ་གདལ་ཐོག་རྒྱ་ནག་རང་ཉིད་གཡོལ་ཐབས་བྱེད་བཞིན་པ་ལས་བོད་སྐོར་སྐད་ཆ་གང་ཡང་མ་བཤད་དེར་དགོངས་ཚུལ་གསུང་རོགས་ཞུས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་ཆེད་མངགས་བོད་དོན་སྐོར་ལ་ཤོད་མི་དགོས་པ་གཙོ་འདོན་བྱེད་རྒྱུ་ཡིན་པ་ནི་ཆོས་ཉིད་རེད། འོན་ཀྱང་ཨ་རིའི་གྲོས་ཚོགས་ལྟ་བུར་མཚོན་ན་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཐོག་གོ་བསྡུར་གནང་མུས་རེད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ལ་མཚོན་ནའང་ལོ་ངོ་བཅོ་ལྔ་ཉི་ཤུ་གོང་བགྲོ་གླེང་བྱུང་ཡོད། རྒྱལ་ཁབ་བཅོ་བརྒྱད་ནང་གྲོས་ཚོགས་འཐུས་མི་བརྒྱ་དང་བརྒྱད་ཅུ་ཙམ་གྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ལ་བགྲོ་གླེང་དང་གོ་བསྡུར་གནང་བ་བརྒྱུད་རྒྱབ་སྐྱོར་ཧ་ཅང་གནང་ཡོད། བྷི་བྷི་སི་དང་ཨ་རིའི་གསར་འགྱུར་བརྙན་འཕྲིན་སོགས་སྙན་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་གོ་བསྡུར་དང་གླེང་སློང་ཤུགས་ཆེ་བྱུང་ཡོད། རྒྱ་ནག་གཞུང་གིས་ཆེད་མངགས་བོད་དོན་ཐོག་ཁ་མ་གྲགས་ཀྱང་ང་ཚོ་བོད་མི་ཚོས་འཐབ་རྩོད་མུ་མཐུད་བྱེད་བཞིན་ཡོད། ཅེས་གསུངས།
གཞན་ཡང་གསར་འགོད་པས་ད་ལྟ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེ་བའི་དུས་སྐབས་འདིར་བོད་མི་ཚོས་འཐབ་རྩོད་ཀྱི་གནས་སྟངས་གང་འདྲ་ཞིག་ལ་སླེབ་ཡོད་མེད་གསུང་རོགས་ཞུས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན། བོད་མིར་མཚོན་ན་རྒྱ་ནག་གཞུང་གིས་བོད་ས་ཧམ་བཟུང་བྱས་རྐྱེན་གོད་ཆག་ཆེན་པོ་ཕོག་ཡོད། བོད་མིར་འཕྲད་པའི་དཀའ་ངལ་དེ་རྒྱ་གར་ལའང་འཕྲད་སྲིད་པ་ཞིག་ཡིན་པ་ཙམ་དུ་མ་ཟད་ད་ཆ་དངོས་སུ་དཀའ་ངལ་དེ་འདྲ་ཞིག་མཐོང་རྒྱུ་འདུག རྒྱ་གར་གྱི་ས་མཚམས་དང་། ཕྱོགས་མཚུངས་ཐེ་ཝན་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ནང་གཟིགས་དང་། ལོ་ངོ་ ༦༠ གོང་རྒྱ་ནག་གཞུང་གིས་བོད་ས་ཧམ་བཟུང་བྱས་པའི་བྱེད་བབ་དེ་མཚུངས་དེང་སྐབས་རྒྱ་གར་གྱིས་གཙོས་ས་གནས་གང་སར་བྱེད་བཞིན་ཡོད། དེར་བརྟེན་ང་ཚོས་བོད་མི་ཚོའི་ཉམས་མྱོང་ལས་བློ་སྐྱེད་ལེན་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་བརྗོད་ཀྱི་ཡོད། བོད་མི་ཚོའི་ཉམས་མྱོང་རིན་ཐང་ཧ་ཅང་ཆེ། ཉམས་མྱོང་དེར་གཞི་བཅོལ་ནས་དུས་རྟག་ཏུ་རྒྱ་ནག་ལ་སྤྱང་གྲུང་དང་ཡིད་གཟབ་དགོས་པ་ཤིན་ཏུ་གལ་ཆེ། ཞེས་གསུངས།
ཕྱོགས་མཚུངས་གསར་འགོད་པས་རྒྱ་ནག་གཞུང་གིས་དུས་རྟག་ཏུ་བོད་དོན་སྐོར་ལ་གཡོལ་ཐབས་བྱེད་བཞིན་ཡོད། དེའི་ཐོག་ལ་དགོངས་ཚུལ་གསུང་རོགས། ཞེས་དྲི་བ་བཏོན་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་བཅིངས་བཀྲོལ་བཏང་ཚུལ་སོགས་བཤད་ཀྱི་ཡོད། དངོས་ཡོད་གནས་ཚུལ་དེ་ལྟར་རྩ་བ་ནས་མ་རེད། རྒྱ་མི་བོད་ནང་སླེབས་རྗེས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་ལ་གཏོར་བཅོམ། བརྡབ་གསིག་ཚད་མེད་བཏང་ཡོད། བོད་མི་ས་ཡ་གཅིག་ཙམ་གྱི་ཚེ་སྲོག་ཤོར་ཡོད། ཅེས་ལན་འདེབས་གནང་།
གསར་འགོད་པས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་ལངས་ཕྱོགས་ཧ་ཅང་མཁྲེགས་པོར་འཛིན་བཞིན་པ་དེར་དགོངས་ཚུལ་གསུང་རོགས་ཞུས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་ནི་ཆོས་མེད་སྨྲ་བ་དམར་ཤོག་རིང་ལུགས་ཡིན་སྟབས་ཆོས་ཁས་མི་ལེན་ཞིང་། ཆོས་ལ་ཡིད་ཆེས་རྩ་བ་ནས་བྱེད་ཀྱི་མེད། འོན་ཀྱང་ད་ཆ་ཁོ་པ་ཚོས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་ཟེར་བཞིན་ཡོད། རྒྱ་ནག་གཞུང་གིས་བདམས་པའི་ཏཱ་ལའི་བླ་མར་འཛམ་གླིང་མི་མང་གིས་ནམ་ཡང་ཡིད་ཆེས་དང་ངོས་ལེན་བྱ་རྒྱུ་མ་རེད། དང་ཐོག་དེར་རྒྱ་ནག་དམར་པོས་སྲིད་གཞུང་གིས་བོད་ནང་དགོན་པ་གཏོར་བཤིག་དང་གྲྭ་བཙུན་གྲངས་ལས་འདས་པ་སྡུག་སྦྱོང་མནར་གཅོད་དང་སྐྱ་སར་ཕབ་པ་སོགས་ཆོས་དང་མི་མཐུན་པའི་ལས་ཚབས་ཆེ་བསགས་ཡོད། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད། སྲིད་གཞུང་དེ་འདྲ་ཞིག་གིས་སྐྱེ་བ་ཕྱི་མའི་སྐོར་ལ་བཤད་པ་ཡིན་ན་སུ་གཅིག་གིས་ཡིད་ཆེས་ཆ་འཇོག་བྱེད་ཀྱི་མ་རེད། ཅེས་གསུངས།
གསར་འགོད་པས། ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་འབྱུང་འགྱུར་རྒྱ་ནག་དང་རྙོག་གླེང་ལྷག་སྲིད་དམ། ཞེས་དྲིས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྔ་ལོའི་ཕྱི་ཟླ་ ༡༡ ནང་ཚོགསའདུ་སྔ་རྗེས་གཉིས་ཚོགས་ཡོད། འཛམ་གླིང་ས་ཕྱོགས་གང་ས་ནས་བོད་མིའི་སྐུ་ཚབ་ཕེབས་ཡོད། སྐབས་དེར་ང་ཚོས་གྲོས་ཆོད་བཞག་ཡོད། གྲོས་ཆོད་དེེའི་ནང་དུ་འབྱུང་འགྱུར་༸རྒྱལ་བའི་ཡང་སྲིད་ཐག་གཅོད་ཞུ་རྒྱུ་དེ་བོད་མི་དང་། བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཚོས་ཐག་གཅོད་ཞུ་རྒྱུའི་གྲོས་མཐུན་བྱུང་ཡོད། རྒྱ་ནག་དམར་པོའི་སྲིད་གཞུང་གིས་གནད་དོན་དེར་ཐད་བྱུས་རྩ་བ་ནས་བྱེད་མི་ཆོག་པ་རེད། དེ་རྗེས་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་དམིགས་བསལ་གྲོས་ཆོད་སྤྱི་མོས་ཐོག་གཏན་འབེབས་བྱུང་ཡོད། སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱིས་གཙོས་རྒྱལ་ཁབ་ཁག་མང་པོས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ཡིན་སྟབས། བོད་མི་ནང་པ་ཚོས་ཐག་གཅོད་ཞུ་རྒྱུ་ཁོ་ན་ལས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་དེའི་ཐད་ཐེ་བྱུས་རྩ་བ་ནས་མེད་པ་གསལ་པོར་བསྒྲགས་ཡོད། ཅེས་གསུངས།
གསར་འགོད་པས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟ་རྒྱ་ནག་ཏུ་བཞུགས་ཡོད་ཚུལ་རྒྱ་ནག་གཞུང་གིས་བཤད་པ་དེ་བདེན་ན་དཔང་རྟགས་གདོན་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱི་འབོད་སྐུལ་ཡང་ཡང་བྱས་ཀྱང་རྒྱ་ནག་གཞུང་གིས་ད་བར་ཡ་ལན་བྱེད་ཀྱི་མེད། དེའི་སྐོར་དགོངས་ཚུལ་གང་ཡོད། ཅེས་དྲིས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན། ཐེངས་འདིར་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཐད་གསལ་བཤད་ཐུང་ངུ་ཞིག་སྤེལ་བ་རེད། དེའི་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟ་དགུང་ལོ་ ༣༡ ཕེབས་ཡོད་པ་དང་། རྒྱུན་ལྡན་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཆ་ཚང་བྱིས་པ་སྤྱི་མཚུངས་ལྟར་ཐོབ་ཡོད་པ། ཕྱག་ལས་གནང་བཞིན་ཡོད་པ་བཅས་བཤད་ཡོད། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་རྣམས་ཕྱི་ནས་ཐེ་བྱུས་མེད་པར་མི་ཚེ་ཁ་ཁུ་སིམ་སིམ་ངང་བསྐྱལ་འདོད་གནང་བཞིན་ཡོད་ཚུལ་བཤད་ཡོད།
རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ནང་མིའི་གནས་སྟངས་སྐོར་བཤད་པ་དེ་དག་བདེན་པ་ཡིན་ན་འཛམ་གླིང་མི་མང་ལ་སྟོན་རོགས། ཞེས་ང་ཚོས་འབོད་སྐུལ་མང་པོ་བྱས་ནས་ད་བར་མི་ལོ་ ༢༥ སོང་ཡང་རྒྱ་ནག་གཞུང་ལ་སྟོན་རྒྱུ་གང་ཡང་མི་འདུག པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ། བྱ་བྲལ་རིན་པོ་ཆེ་བཅས་གར་སོང་ཆ་མེད་དུ་གྱུར་ཡོད། རྒྱ་གར་དང་རྒྱལ་སྤྱིའི་གསར་འགོད་པ་རྒྱ་ནག་ཏུ་ཕེབས་ཏེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་དྲི་བ་དྲིས་ལན་ཞུ་བཅུག་དགོས་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་ལས་མི་སྣ་ཡོད། དེ་དག་རྒྱ་ནག་དུ་ཕེབས་བཅུག་དགོས། དེ་ལྟར་བྱས་པ་ཡིན་ན་ད་གཟོད་ང་ཚོས་ཡིད་ཆེས་སླེབས་ངེས། དེ་འདྲ་ཞིག་མ་བྱུང་བར་ང་ཚོས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཐོབ་ཆེད་འབད་བརྩོན་མུ་མཐུད་བྱ་རྒྱུ་ཡིན།
བོད་མི་རྣམས་འཛམ་གླིང་ས་ཕྱོགས་གང་སར་ཡོད་སྟབས་ཏོག་དབྱིབས་གཉན་རིམས་ཐད་ཁོང་ཚོར་བརྡ་ལན་གང་ཡོད། ཅེས་གསར་འགོད་པས་དྲིས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན། ནད་ཡམས་དེར་ད་ལྟའི་ཆར་སྨན་མེད། འཛམ་གླིང་རྒྱལ་ཁབ་བཞི་བཅུ་ཙམ་ནང་བོད་མི་གནས་ཡོད། ད་བར་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་བོད་མི་གྲངས་བཅུ་ལས་ཉུང་བ་འདས་གྲོངས་སུ་གྱུར་ཡོད། ཧ་ཅང་བློ་ཕམ་རང་བཞིན་རེད། བོད་མི་ཉིས་བརྒྱ་གསུམ་བརྒྱར་ནད་ཡམས་དེ་འགོས་པའང་བྱུང་ཡོད། རྒྱ་གར་ནང་དུ་མཚོན་ནའང་བོད་མི་རེ་གཉིས་ཏོག་དབྱིབས་ནད་ཡམས་འགོས་འདུག བོད་མི་གཅིག་འདས་གྲོངས་སུ་གྱུར་བ་དེའང་ཧ་ཅང་བློ་ཕམ་རང་བཞིན་རེད། ང་ཚོ་བོད་མི་བཙན་བྱོལ་བར་མཚོན་ན་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་ལག་བསྟར་ལས་གཡོལ་ཆེད་ཕྱི་རྒྱལ་དུ་བྲོས་བྱོལ་ལ་སླེབས་ཀྱང་། ད་ཆ་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་བོད་མི་འདས་གྲོངས་སུ་གྱུར་བ་དེ་ཧ་ཅང་བློ་ཕམ་ཆེན་པོ་འདུག ནད་ཡམས་སྔོན་འགོག་ལས་གཞིར་མཚོན་ན་ང་ཚོས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་དགོན་པ། སློབ་གྲྭ། སྨན་ཁང་སོགས་ནང་འགོག་དབྱེ་ཟུར་འཇོག་སོགས་མཐུན་རྐྱེན་གྲ་སྒྲིག་ཚགས་ཚུད་ཡོད། ཅེས་སོགས་ལན་འདེབས་གནང་འདུག
གསར་འགོད་པས་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་སྤྱི་སྒེར་ཚོགས་པ་ཁག་གིས་ངལ་སེལ་ལས་གཞིར་རོགས་རམ་གང་ཐུབ་གནང་དང་གནང་མུས་ཡིན་ཡང་བོད་མིའི་སྒྲིག་འཛུགས་ངོས་ནས་ངལ་སེལ་ལས་གཞི་ཇི་སྤེལ་གྱི་དྲི་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཚོའི་ཉིན་གཅིག་གི་གླ་ཆའི་དོད་ངལ་སེལ་ལས་གཞིར་ཕུལ་བ་དང་། དབུས་སའི་གཞུང་ལའང་ངལ་སེལ་ལས་གཞིར་དམིགས་པའི་ཞལ་འདེབས་ཕུལ་ཡོད། ཕྱོགས་མཚུངས་དགོན་པ་སོགས་ལའང་གང་ཐུབ་དཀའ་ངལ་འཕྲད་བཞིན་པའི་ཡུལ་མི་ཉམ་ཐག་རྣམས་ལ་རོགས་རམ་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད། རྒྱ་གར་གཞུང་མང་གཉིས་ལས་ལྷག་པ་ང་ཚོར་བཀའ་དྲིན་ཆེ་བའི་རྒྱལ་ཁབ་སུ་ཡང་མེད། ང་ཚོས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་བསམ་ཤེས་ཐོག་ནས་བཙན་བྱོལ་བོད་མི་སྤྱི་སྒེར་མཉམ་རུབ་ཐོག་ནས་ཡུལ་མི་ཉམ་ཐག་དབུལ་ཕོངས་རྣམས་ལ་སྐམ་ཟས་འབྲས་དང་གྲོ་ཞིབ། སྣུམ་སོགས་བགོ་འགྲེམས་རྒྱ་ཆེ་ཞུས་ཡོད། ཅེས་ལན་འདེབས་གནང་འདུག །