ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐར་མ་རེར་མི་གྲངས་ ༢༠ དམག་འཁྲུག་དང་བཙན་གནོན་ལ་བརྟེན་ནས་བྲོས་བྱོལ་དུ་འགྲོ་བཞིན་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་རྗེས་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བྱས་ཡོད་པ་མ་ཟད། ཐ་ན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་བརྒྱད་ཁྲི་ཙམ་ཕ་ཡུལ་བོད་བསྐྱུར་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་དང་། དེ་བཞིན་རྒྱ་གར་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་དུ་འབྱོར་བའི་མི་རབས་རྒན་པ་རྣམས་ནས་སྐུ་ལས་བསྐྱོན་ཏེ་དེ་སྔ་རྒྱ་དམར་གཞུང་གིས་བོད་ནང་བོད་མིའི་སྲོག་རྩ་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྩ་གཏོར་དུ་བཏང་བ་རྣམས་སླར་ཡང་རྒྱ་གར་འཕགས་པའི་ཡུལ་དུ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གནང་ཐུབ་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༠ ཉིན་ཏེ་འཐོན་ལ་ཉེ་བའི་རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཉིན་མོ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་གསར་འགྱུར་ལས་ཁང་ནས་དངོས་བྱུང་གློག་བརྙན་ཐེངས་གཉིས་པ་བཏོན་ཡོད་པ་དང་། གློག་བརྙན་དེའི་ནང་བཞུགས་སྒར་རྡ་ས་ཁུལ་གྱི་ཡུལ་མི་ཚོང་པ་ཁག་གཅིག་གིས་བཙན་བྱོལ་བོད་མི་ཚོ་དང་འབྲེལ་འདྲིས་བྱུང་བའི་ཉམས་མྱོང་དང་གཟིགས་ཚུལ་སོགས་ཀྱི་སྐོར་གསུང་ཡོད།
དེ་ཡང་བཞུགས་སྒར་རྡ་ས་ཁུལ་གྱི་རྒྱ་གར་གྱི་ཚོང་པ་ཞིག་གིས། རྒྱ་གར་དང་པ་ཀི་སི་ཐན་གཉིས་ཕྱི་ལོ་ ༡༩༤༧ ལོར་ཁ་བྲལ་དུ་སོང་རྗེས་ངའི་ཕ་མ་དང་པོ་པོ་རྨོ་མོ་བཅས་པ་ཀི་སི་ཐན་ནས་བཞུགས་སྒར་རྡ་སར་སྐྱབས་བཅོལ་དུ་འབྱོར་བ་དང་། སྐབས་དེ་དུས་རྒྱ་གར་གཞུང་གིས་ང་ཚོར་སྐྱབས་བཅོལ་བའི་ཐོབ་ཐང་སྤྲད་ཡོད་པ་ངས་རང་གི་ཕ་མ་བརྒྱུད་ཆུང་བྱིས་པའི་དུས་ནས་གོ་ཐོས་བྱུང་། ང་ཚོས་དཀའ་ལས་ཞེ་དྲག་བརྒྱབ་པ་ཡིན། དེ་བཞིན་རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་རྗེས་བོད་མི་ཚོ་བཞུགས་སྒར་རྡ་སར་བཙན་བྱོལ་དུ་ཡོང་བ་རེད། དེ་ནས་རྒྱ་གར་གྱི་སྲིད་བློན་ཞིང་གཤེགས་དམ་པ་ཇ་ཝ་ཧར་ལཱལ་ནེ་ཧེ་རུ་མཆོག་གིས་བོད་མི་ཚོར་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་སྣེ་ལེན་དང་སྡོད་ཁང་གནང་བ་རེད། ད་ལྟ་བཙན་བྱོལ་བོད་མི་ཚོས་མི་ཚེ་ཚུལ་མཐུན་ངང་སྐྱེལ་བཞིན་ཡོད། ཅེས་གསུངས།
གཞན་ཡང་རྒྱ་གར་བ་ཞིག་གིས། ངས་བོད་པ་རྣམས་བཙན་བྱོལ་བ་ཡིན་པ་བསམ་མྱོང་མེད། ང་ལ་མཚོན་ན་ཁོང་ཚོ་རྒྱ་གར་ཡུལ་མི་དང་གཅིག་པ་རེད། ཅེས་གསུངས། ཡུལ་མི་རྒྱ་གར་བ་གཞན་ཞིག་གིས། བོད་མི་ཚོ་ཀུན་སྤྱོད་ཡག་པོ་ཡོད་པ་མ་ཟད། ཁོར་ཡུག་གཙང་བཟོ་བྱེད་པར་དང་དོད་ཧ་ཅང་གནང་གི་རེད། ཅེས་གསུངས། རྒྱ་གར་ཚོང་པ་གཞན་ཞིག་གིས། ངའི་ཚོང་ཤག་ཡག་ཤོས་བོད་མི་ཚོ་ཡིན། འདིར་ནམ་ཡོང་བ་ཡིན་ནའང་ཁོང་ཚོས་ང་ལ་སྐར་མ་ཁ་ཤས་རིང་བཀའ་མོལ་གནང་ནས་ལོག་འགྲོ་གི་རེད། ཅེས་གསུངས།
རྒྱ་གར་གྱི་ཚེམ་བུ་བ་ཞིག་གིས་དེ་སྔ་ངས་སྐྱེས་པའི་གྱོན་གོས་བཙེམས་པ་ཡིན། ཉིན་ཞིག་བོད་པའི་བུད་མེད་ཅིག་ཡོང་ནས་ཁོང་ལ་ཕྱུ་པ་ཞིག་བཟོ་རོགས་གནང་ཞེས་བརྗོད་བྱུང་། ང་ཚོའི་ཚེམ་བཟོ་རྒན་ལགས་ཀྱིས་ཕྱུ་པའི་བཟོ་ལྟ་ལ་བལྟས་པ་དང་། དེ་ནས་ང་ཚོས་ཐེངས་དང་པོ་བོད་པའི་བུད་མེད་ཀྱི་ཕྱུ་པ་བཙེམས་ཏེ་ད་བར་ལོ་ངོ་ ༤༠ ལྷག་འགྲོ་བཞིན་ཡོད། ཅེས་གསུངས།
ཡུལ་མི་གཞན་ཞིག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་བཞུགས་སྒར་རྡ་སར་འབྱོར་བ་ནས་བཟུང་རྡ་ས་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ལྟ་བུ་ཆགས་ཡོད་པ་དང་། རྩ་བའི་ཆ་ནས་བོད་མི་ཚོ་སེམས་པ་བཟང་པོ་དང་ཕན་ཚུན་དབར་མཐུན་ལམ་ཡག་པོ་འདུག བཞུགས་སྒར་རྡ་སར་མཚོན་ན་ཞབས་འདེགས་ཆེས་ཆེ་ཤོས་ནི་དེ་རེད། ཅེས་དང་། མ་འོངས་པར་བོད་མི་ཚོ་རྡ་སར་བཞུགས་ན་མདུན་ལམ་ཡག་པོ་ཡོད་ཀྱང་བོད་ལ་རང་དབང་ཐོབ་པ་ཡིན་ན་ཧ་ཅང་ཡག་པོ་ཡོད་པ་རེད། ཅེས་གསུངས།
གཞན་ཡང་ཡུལ་མི་ཞིག་གིས། བོད་མི་ཚོར་སོ་སོའི་ཕ་ཡུལ་ལ་ལོག་རྒྱུའི་ཐོབ་ཐང་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་རྒྱལ་ཁབ་གཅིག་གིས་ཀྱང་བོད་མི་ཚོར་རྒྱབ་སྐྱོར་གནང་ཐུབ་ཀྱི་མེད། དེ་ནི་ཧ་ཅང་སེམས་པ་སྐྱོ་པོ་དང་། དངོས་གནས་དྲང་གནས་ངོ་ཚ་དགོས་པའི་གནད་དོན་ཞིག་རེད། ཅེས་གསུངས།།