ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༢ རེས་གཟའ་པ་སངས་ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༩ ཐོག་རྒྱ་གར་གསར་འགྱུར་ཚན་པ་གྲགས་ཅན་ NDTV 24X7 ཞེས་པའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་པ་རོན་ནོ་རོའི་ Prannoy Roy ལགས་ཀྱིས་དྲ་རྒྱའི་ལམ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆུ་ཚོད་གཅིག་ཙམ་རིང་དྲི་བ་ཞུས་པ་རྣམས་ལ་མགོན་པོ་མཆོག་གིས་ལན་འདེབས་མཛད་འདུག
ཐོག་མར་སྤྱི་ཁྱབ་འགན་འཛིན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་དགུང་གྲངས་ ༨༥ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་འཁེལ་བཞིན་ཡོད་པར་བརྟེན་འཚམས་འདྲི་ཞུ་དོན།
སྤྱི་ཁྱབ་འགན་འཛིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་ཉིད་འདི་ལོར་དགུང་གྲངས་ ༨༥ བཞེས་པའི་༸སྐུའི་འཁྲུངས་སྐར་ལ་ངས་འཚམས་འདྲི་ཞུ་རྒྱུ་ཡིན། ཕལ་ཆེར་སྐུ་ཉིད་ལ་འཚམས་འདྲི་ཞུ་མཁན་ཐོག་མ་དེ་ང་རང་ཡིན་རྒྱུ་རེད། སྐུ་ཉིད་ཀྱིས་འཁྲུངས་སྐར་སྲུང་བརྩི་ཇི་ལྟར་ཞུ་རྒྱུ་ཡིན་ནམ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག དམིགས་བསལ་བྱེད་རྒྱུ་གང་ཡང་མེད། ནང་མི་སྤུན་མཆེད་གང་འཚམ་ལྷན་འཛོམས་ལྟ་བུ་ཞིག་ཡོང་མདོག་ཁ་པོ་རེད། དེ་ལས་གཞན་དམིགས་བསལ་གང་ཡང་མེད། (བཞད་མོ་བཞད།)
སྤྱི་ཁྱབ་འགན་འཛིན། སྐུ་ཉིད་རྒྱ་གར་གྱི་བུ་ཞིག་ཡིན། ཞེས་བཀའ་སློབ་གནང་གི་ཡོད། དེར་བརྟེན་ང་ཚོ་ཚང་མས་མཉམ་རུབ་ཀྱིས་ ( རྒྱ་གར་གྱི་བུ། ) འདི་ལོར་དགུང་གྲངས་ ༨༥ བཞེས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་རྒྱུ་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ཐུགས་རྗེ་ཆེ། ངོས་ཀྱི་ཀླད་པའི་རྫས་རྡུལ་རེ་རེ་བཞིན་རྒྱ་གར་གྱི་ལེགས་བཤད་ཀྱིས་ཁེངས་ནས་ཡོད། (བཞད་མོ་བཞད།) ནང་ཆོས་ནས་གསུང་པའི་རིག་པའི་གཞུང་ལུགས་ཀྱི་ལེགས་བཤད་དེ་དག་རྒྱ་གར་གྱི་རེད། ངོས་ཀྱི་ལུས་པོ་འདིར་མཚོན་ན་རྒྱ་གར་གྱི་འབྲས་དང་བག་ལེབ། ད་ལི་བཅས་ལ་བརྟེན་ནས་འཚོ་བཞིན་ཡོད། (སླར་ཡང་བཞད་མོ་བཞད།) དེར་བརྟེན་ལུས་སེམས་གང་གི་ཆ་ནས་བསམ་བློ་བཏང་ཡང་ངོས་རང་རྒྱ་གར་གྱི་བུ་ཞིག་ཡིན། དེ་ལྟར་ཡིན་པ་དེར་ངོས་རང་སྤོབས་པ་ཡོད།
སྤྱི་ཁྱབ་འགན་འཛིན། སྐུ་ཉིད་ཀྱི་དགོངས་ཚུལ་དེར་ལོ་རྒྱུས་དང་རིག་གཞུང་གི་རྒྱབ་ལྗོངས་ཡོད་པ་ཞིག་མ་རེད་དམ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག དུས་རབས་བརྒྱད་པའི་ནང་བོད་ཀྱི་རྒྱལ་པོས་ (ཁྲོ་སྲོང་ལྡེ་བཙན།) རྒྱ་གར་ནཱ་ལེནྡྲའི་མཁས་པ་ཆེན་པོ་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་ཞུས་ཡོད། ཁོང་ནི་ཚད་མ་རིག་པའི་ལྟ་གྲུབ་སྨྲ་བའི་སློབ་དཔོན་ཆེན་པོ་ཞིག་རེད། དབུ་མའི་གཞུང་ལ་ཧ་ཅང་གི་མཁས་པ་ཆེན་པོ་རེད། ནཱ་ལེནྡྲའི་འགྲོ་སྟངས་དེ་རིགས་པའི་ལམ་ནས་བརྡར་ཤ་བཅད་དེ་གཞུང་གཏན་ལ་འབེབས་བཞིན་ཡོད། སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱི་ཞལ་ནས་ཀྱང་། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུང་ཡོད།
མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་ནས་ནཱ་ལེནྡྲའི་ལུགས་ལྟར་ནང་ཆོས་དར་སྤེལ་མཛད་ཡོད། ང་ཚོས་ཆོས་གང་དང་གང་ཡིན་ཡང་རིག་པའི་ལམ་ནས་དཔྱད་པ་བྱས། རྒྱུ་མཚན་བཀོད་ནས་འགྲོ་བཞིན་ཡོད། ང་ཚོས་སངས་རྒྱས་རང་གི་བཀའ་ཡིན་ནའང་དེ་དེ་བཞིན་ནོ། ཞེས་བརྟག་དཔྱད་མ་བྱས་པར་ཁས་ལེན་བྱེད་ཀྱི་མེད། བཀའ་གང་འདྲ་ཞིག་ཡིན་ཡང་དེར་ང་ཚོས་ཅིའི་ཕྱིར་དང་། ཡང་ན་གང་འདྲ་ཡིན་མིན་རིགས་པའི་ལམ་ནས་བརྟག་དཔྱད་བྱེད་ཀྱི་ཡོད། འགྲོ་སྟངས་དེ་ཧ་ཅང་ཕན་ཐོགས་ཆེན་པོ་ཞིག་ཀྱང་རེད་འདུག
སྤྱི་ཁྱབ་འགན་འཛིན། སྤྱི་མཐུན་གྱི་ལས་སྐོར་བཤད་པ་ཡིན་ན་འདི་ལོ་ ༢༠༢༠ ནང་ས་ཡོམ་དང་དྲག་ཆར་རླུང་འཚུབ། དེ་བཞིན་ཏོག་དབྱིབས་གཉན་རིམས་ལྟ་བུ་བྱུང་ཡོད། དེ་དག་སྤྱི་མཐུན་གྱི་ལས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ནམ། ཡང་ན་གང་ཟག་སྒེར་གྱིས་བསགས་པའི་ལས་ཀྱི་རྣམ་སྨིན་དུས་གཅིག་ཏུ་སྨིན་པ་རེད་དམ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག སྤྱིར་སྤྱི་མཐུན་གྱི་ལས་ཟེར་བ་དེ་མི་མང་པོས་མཉམ་དུ་བསགས་པའི་ལས་ལ་ཟེར་བ་རེད། ལས་བཟང་ངན་ཇི་འདྲ་ཞིག་བསགས་མིན་ནི་ང་རང་ཚོའི་བྱ་སྤྱོད་ལ་རག་ལས་ཡོད། ལས་གསོག་མཁན་དེ་ང་རང་ཚོ་རེད། ཐམས་ཅད་ལས་ལ་ཁག་དཀྲི་རྒྱུ་ནི་མི་ལེ་ལོ་ཚོའི་བྱེད་སྟངས་རེད། (བཞད་མོ་བཞད།)
སྤྱི་ཁྱབ་འགན་འཛིན། ལས་ངན་པ་ཞིག་བཟང་པོར་ཇི་ལྟར་བསྒྱུར་ཐུབ་བམ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག དཔེར་ན། ཞེ་སྡང་གིས་རྒྱུད་བརླམས་པའི་འཚེ་བའི་ལས་ངན་ཞིག་བསགས་ཡོད་ན། བྱམས་བརྩེ་དང་སྙིང་རྗེའི་བསམ་པ་ཤུགས་ཆེ་རུ་གཏོང་དགོས། བཟོད་པ་སྒོམ་དགོས། བསྒོམས་པ་ཙམ་དུ་མ་ཟད་ལག་ལེན་བསྟར་དགོས་པ་རེད། དེ་ལ་བརྟེན་ནས་ལས་ངན་པའི་སྒྲིབ་པ་སྦྱངས་བ་རེད། ཇི་ཙམ་གྱིས་ལས་བཟང་པོ་བསགས་པ་དེ་ཚོད་ཀྱིས་ལས་ངན་པ་རྣམས་དག་པ་རེད། ལས་ལ་རྣམ་གྲངས་མང་པོ་ཡོད། བྱང་ཆུབ་ཀྱི་སེམས་དང་རྟེན་འབྲེལ་གྱི་རྣམ་གཞག་ལ་བསམ་བློ་བཏང་བ་ཡིན་ན་ལས་ངན་རིམ་བཞིན་སྦྱང་ཐུབ།
སྤྱི་ཁྱབ་འགན་འཛིན། སྐུ་ཉིད་ཀྱིས་དུས་རྟག་ཏུ་བུད་མེད་འགོ་ཁྲིད་ཚོ་སྐྱེས་པ་འགོ་ཁྲིད་ལས་བཟང་བ་ཡོད་སྐོར་བཀའ་སྩོལ་བཞིན་ཡོད། ད་ལྟ་ནད་ཡམས་ཁྱབ་གདལ་གྱི་དུས་སྐབས་འདིར་བུད་མེད་འགོ་ཁྲིད་ཚོས་ནད་ཡམས་ལ་གདོང་ལེན་བྱ་རྒྱུ་སྐྱེས་པའི་འགོ་ཁྲིད་ལས་ཚགས་ཚུད་པ་བྱུང་ཡོད། དེའི་རྒྱུ་མཚན་གང་ཡིན་ནམ། བྱམས་བརྩེའི་བསམ་པ་ཤུགས་ཆེ་བར་བརྟེན་ནས་ཡིན་ནམ་ཡང་ན་རྒྱུ་མཚན་གཞན་ཞིག་ཡོད་དམ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ལོ་རྒྱུས་ལ་གཟིགས་དང་། དཔའ་བོ་ཞེས་བྱས་རྗེས་ཅན་ཚང་མ་སྐྱེས་པ་ཤ་སྟག་རེད། དཔའ་བོ་ཟེར་བ་ཙམ་ལས་དོན་དུ་གཞན་གྱི་སྲོག་གཅོད་མཁན་ལག་དམར་བ་རེད། ད་ཆ་ཚན་རིག་པ་ཁག་གཅིག་གིས་ལུས་ཀྱི་གྲུབ་ཆའི་སྟེང་ནས་གཞན་ལ་བྱམས་བརྩེའི་བློ་སྐྱེ་རྒྱུ་བུད་མེད་ལ་ཤུགས་ཆེ་བ་ཡོད་པ་བརྗོད། དང་ཐོག་རང་གི་མ་ལ་མཚོན་ནའང་རྟེན་བུད་མེད་རེད། ངའི་ཕ་དམ་པར་མཚོན་ན་ཧ་ཅང་རླུང་ལངས་པོ་ཡོད། ངོས་ལ་འགྲམ་ལྕག་ལན་འགའ་གཞུ་མྱོང་། (བཞད་མོ་བཞད།) ཁོང་ཕག་ཤར་མཉེས་པོ་ཡོད་པ་རེད། ཕག་ཤ་མཆོད་སྐབས་ཕག་ཚིལ་སྨ་རར་བྱུག་སྲོལ་ཡོད། མཚམས་རེ་ངོས་རང་ཁོང་གི་གམ་དུ་བསྡད་ནས་ཕག་ཤ་ཕྲན་བུ་གནང་ཡོང་བསམས་ནས་ངང་སྒུག་བྱེད་མྱོང་ཡོད། སྐབས་འགར་ངོས་ཀྱིས་ཕ་དམ་པའི་སྨ་ར་འཐེན་སྐབས་ཁོང་རླུང་ལངས་ནས་ངོས་ལ་འགྲམ་ལྕག་གཞུ་མྱོང་ཡོད། (བཞད་མོ་བཞད།) འོན་ཀྱང་ངོས་ཀྱི་མ་དམ་པས་དུས་ནམ་ཡང་ཁྲོ་བའི་རྣམ་འགྱུར་ཙམ་ཡང་སྟོན་མྱོང་མེད། ངོས་ལ་བྱམས་བརྩེའི་སློབ་སྟོན་གནང་མཁན་དགེ་རྒན་ཆེས་ཐོག་མ་དེ་ངོས་ཀྱི་མ་དམ་པ་ཁོང་ཡིན་ཞེས་བརྗོད་བཞིན་ཡོད། དབུལ་ཕོངས་ཉམ་ཐག་དེ་འདྲ་ཁྱིམ་དུ་སློང་བར་ཡོང་སྐབས་མ་དམ་པས་ནང་ལ་ཁ་ཟས་གང་འདྲ་ཞིག་ཡོད་ཀྱང་ཐེ་ཚོམ་མེད་པར་གནང་གི་རེད། ཧ་ཅང་ངོ་མཚར་ལྡན་པ་ཞིག་ཡོད། ལུས་པོའི་གྲུབ་ཆའི་སྟེང་ནས་བུད་མེད་ཚོས་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་བློ་ཤུགས་ཆེ་བ་སྐྱེ་བཞིན་ཡོད། དེར་བརྟེན་འཛམ་གླིང་དབུ་ཁྲིད་ཁྲོད་བུད་མེད་ཀྱི་དབུ་ཁྲིད་མང་བ་བྱུང་བ་ཡིན་ན་འཛམ་གླིང་ནང་འཚེ་བའི་བྱ་སྤྱོད་ཏན་ཏན་ཉུང་དུ་འགྲོ་རྒྱུ་ཡིན་པ་ངོས་ཀྱིས་དྲན་བཞིན་འདུག
སྤྱི་ཁྱབ་འགན་འཛིན། སྐུ་ཉིད་མཆོག་དགུང་གྲངས་ ༨༥ མངོན་དུ་ཕྱོགས་ཀྱང་༸སྐུའི་འཕྲོད་བཞེས་ཧ་ཅང་ཡག་ལེགས་པོ་འདུག དགུང་གྲངས་ ༢༥ ཡིན་པ་ལྟ་བུ་མཇལ་གྱི་འདུག ༸སྐུའི་འཕྲོད་བཞེས་དེ་ལྟ་བུ་ཞིག་ཇི་ལྟར་ཡོང་ཐུབ་མིན་མང་ཚོགས་ལ་བཀའ་སློབ་གནང་རོགས། ལུས་ཟུངས་མ་ལག་དེ་ལྟར་ནུས་པ་ལྡན་པ་ཞིག་རྒྱུན་སྲིང་ཐུབ་པ་ཡིན་ན་མང་ཚོགས་ནས་ཀྱང་ད་ལྟ་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་བྱེད་ཐུབ། ལམ་སྟོན་བཀའ་སློབ་ཡོང་བ་ཞུ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག གཙོ་བོ་སེམས་ཀྱི་ཞི་བདེ་རེད། བསམ་བློ་ཞི་བདེ་བག་ཕེབས་བསྐྱངས་ཐུབ་པ་ཡིན་ན་དཀའ་ངལ་ཇི་འདྲ་ཞིག་འཕྲད་སྐབས་ལམ་སང་དངངས་སྐྲག་དང་འཇིགས་སྣང་སོགས་ཡོང་གི་མ་རེད། བསམ་བློ་ཇི་ཙམ་ཞི་བདེ་བག་ཕེབས་ཡོད་པ་དེ་ཚོད་ཀྱིས་ལུས་པོའི་འཕྲོད་བསྟེན་ལའང་ཕན་ཐོགས་ཡོད། ངོས་ཀྱིས་རྣལ་འབྱོར་ (Yoga ) ཉམས་ལེན་བྱེད་པ་དེས་ཀྱང་ཕན་གྱི་འདུག
སྤྱི་ཁྱབ་འགན་འཛིན། ཟས་བཅུད་བསྟེན་སྟངས་ལ་འབྲེལ་བ་གང་ཡོད། དཀར་ཟས་དང་དམར་ཟས་གང་ཞིག་བསྟེན་པ་ཡིན་ན་ཁྱད་པར་ཡོད་དམ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག རྒྱ་གར་གྱི་དཀར་ཟས་འབྲས་དང་བག་ལེབ། ད་ལི་དེ་དག་ཧ་ཅང་ཡག་པོ་འདུག ཕྱི་ལོ་ ༡༩༦༤ ལོར་ངོས་ཀྱིས་དཀར་སྐྱོང་བསྟེན་ནས་ཟླ་བ་ཉི་ཤུ་ཙམ་རིང་དཀར་སྐྱོང་ཁོ་ན་བསྟེན་པ་ཡིན། ཧ་ཅང་ཡིད་ཚིམ་པོ་བྱུང་། སྐབས་དེར་ངོས་རང་ཉི་འོང་ལ་ཚར་གཅིག་ཕྱིན་པ་ཡིན། ངོས་ཀྱི་གཅེན་པོས་ཉི་འོང་སྐད་ཤེས་ཀྱི་ཡོད་སྟབས་ཁོང་ཡང་ལྷན་དུ་ཡོད། ཁོང་གིས་སྐབས་དེར་ཉི་འོང་གི་དམར་ཟས་ལ་ལོངས་སུ་སྤྱོད་བཞིན་དུ་ངོས་ལ་རྩེད་མོའི་ཚུལ་དུ་ཟས་དེ་དག་བྲོ་བ་ཧ་ཅང་འདུག་ཅེས་བརྗོད་མྱོང་ཡོད། (བཞད་མོ་བཞད།) ཟླ་བ་ཉི་ཤུ་ཙམ་རིང་ངོས་ཀྱིས་དཀར་སྐྱོང་ཁོ་ནར་བསྟེན་པ་ཡིན། ཉ་དང་སྒོ་ང་ཚུན་ཆད་སྤངས་ཡིན། དེ་ནས་མཁྲིས་པ་རྒྱས་པ་སོང་། སྐབས་དེར་ཕྱི་ལུགས་སྨན་པ་དང་གསོ་རིག་སྨན་པ་གཉིས་ཀས་དམར་ཟས་གཏན་ནས་མ་སྤངས་ན་ལེགས་ཚུལ་གསུང་བྱུང་། དེར་བརྟེན་སྔར་བཞིན་དམར་ཟས་བསྟེན་པ་རེད། ངོས་རང་ལུས་པོ་བདེ་ཐག་ཆོད་ཡོད།
དུས་རབས་སྔོན་མའི་ནང་དུ་བླ་མ་ཞིག་གིས་མ་འོངས་པ་ན་མི་འདི་དང་འདི་འདྲ་བ་ཞིག་ཡོང་གི་རེད། ལོ་ངོ་ ༡༡༣ བར་འཚོ་རྒྱུ་ཡིན་པ་སོགས་ལུང་བསྟན་ཞིག་ཀྱང་གནང་ཡོད། སྐབས་ཤིག་ངོས་རང་ལོ་ངོ་ ༡༡༠ བར་འཚོ་རྒྱུའི་རྨི་ལམ་ཞིག་རྨིས་བྱུང་། ངོས་རང་རྒྱ་གར་གཞུང་གི་མགྲོན་པོ་ཡུན་རིང་ཤོས་སྡོད་མཁན་ཞིག་ཡིན། ད་ལྟ་ཡིན་ནའང་ངོས་རང་རྒྱ་གར་གཞུང་གི་མགྲོན་པོ་བྱས་ནས་བསྡད་ཡོད། རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་རྒྱ་གར་ནང་དུ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད།
སྤྱི་ཁྱབ་འགན་འཛིན། ང་ཚོས་སྐུ་ཉིད་མཆོག་འབྱུང་འགྱུར་ལོ་ ༥༠ བར་༸སྐུ་འཚོ་བཞུགས་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག འགྲིག་འདུག འགྲིག་འདུག (བཞད་མོ་བཞད།)
སྤྱི་ཁྱབ་འགན་འཛིན། སྐུ་ཉིད་ཀྱིས་དུས་རྟག་ཏུ་ཚན་རིག་པ་དང་འབྲེལ་བ་མཛད་བཞིན་ཡོད། ཆོས་དང་ཚན་རིག་ཟུང་འབྲེལ་ཡོང་བ་ཞིག་ཇི་ལྟར་མཛད་ཐུབ་ཀྱི་འདུག་གམ། ཚན་རིག་ལས་བློ་སྐྱེད་གང་འདྲ་ལེན་ཐུབ་ཀྱི་འདུག ཚན་རིག་ལས་སྐུ་ཉིད་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་བྱུང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ངོས་རང་ཆུང་ཆུང་སྐབས་ནས་ཚན་རིག་ལ་དོ་སྣང་ཆེན་པོ་ཡོད། ཆུང་དུས་ལག་པར་གཡོ་འགུལ་བྱེད་མཁན་གྱི་རྩེད་ཆས་གང་འདྲ་ཞིག་ཐོབ་ཀྱང་ལམ་སང་ཁ་བསྔོགས་ནས་འཕྲུལ་ཆས་དེས་ལས་ཀ་བྱེད་སྟངས་གང་འདྲ་ཡིན་པ་རྟོག་ཞིབ་བྱ་རྒྱུར་དགའ་པོ་ཡོད། ༸རྒྱལ་དབང་སྐུ་ཕྲེང་ ༡༣ གློག་བརྙན་སྟོན་བྱེད་རྙིང་པ་ལག་པས་བེད་སྤྱོད་བྱེད་རྒྱུ་ཞིག་ཡོད་པ་དེ་བཤིགས་བསྒྲིགས་ཐུབ་ཀྱི་ཡོད། དེའི་ནང་ནས་གློག་གི་ལས་ཀའི་གནས་ཚུལ་ཞིག་རྙེད་པ་དེ་ནས་གློག་བཞུའི་གནད་ཐོག་མར་ཤེས་བྱུང་། ངོས་རང་ཚན་རིག་ལ་ཆུང་དུས་ནས་དོ་སྣང་ཡོད།
སྤྱི་ཁྱབ་འགན་འཛིན། སྐུ་གཞོན་ནུའི་དུས་ནས་ཚན་རིག་ལ་ཐུགས་སྣང་ཡོད་པ་དེ་ནར་གསོན་སྐབས་ཐུགས་སྣང་མུ་མཐུད་ཐུབ་པ་དེ་གང་འདྲ་བྱུང་བ་ཡིན་ནམ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ངོས་རང་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་ ༦༠ ཕྱིན་པ་རེད། རྒྱ་གར་འཕགས་པའི་ཡུལ་དང་ང་ཚའི་དབར་ལོ་ངོ་སྟོང་ཕྲག་རིང་ནས་འབྲེལ་བ་དམ་ཟབ་ཡོད། དེར་བརྟེན་ཆོས་ཕྱོགས་ཐོག་ནས་བརྗོད་ན་རྒྱ་གར་ནི་ང་ཚོའི་གནས་སར་ངོས་འཛིན་ཞུ་བཞིན་ཡོད། ཕྱོགས་མཚུངས་རྒྱ་གར་ནི་མི་འབོར་ཐེར་འབུམ་ཡོད་པའི་མང་གཙོའི་རྒྱལ་ཁབ་ཅིག་རེད། ངོས་རང་རྒྱ་གར་དུ་འབྱོར་རྗེས་མང་གཙོའི་རང་དབང་ཆ་ཚང་ཐོབ་བྱུང་། ཚན་རིག་པས་གཙོས་མཁས་དབང་མང་པོ་དང་ཐུག་རྒྱུའི་གོ་སྐབས་ཐོབ་པ་རེད། ཚན་རིག་པ་མང་པོ་དང་བགྲོ་གླེང་ཐེངས་མང་བྱ་རྒྱུའི་གོ་སྐབས་ཀྱང་བྱུང་། ང་ཚོ་ནཱ་ལེནྡྲའི་བརྒྱུད་འཛིན་པ་ཡིན་སྟབས་ཆོས་གང་དང་གང་ལའང་རིགས་པའི་ལམ་ནས་དཔྱད་པ་བྱེད་ཀྱི་ཡོད། དེར་བརྟེན་ཚན་རིག་པས་ཀྱང་ང་ཚོའི་སར་ནས་བློ་སྐྱེད་ལེན་ཐབས་ཀྱིས་དོ་སྣང་བྱེད་ཀྱི་འདུག ཚན་རིག་པའི་འགྲོ་སྟངས་དེའང་དཔྱད་པ་བྱས་ནས་འགྲོ་རྒྱུ་རེད།
སྤྱི་ཁྱབ་འགན་འཛིན། ཤེས་པ་དང་ཀླད་པའི་དབར་ཁྱད་ཡོད་དམ། ཚན་རིག་པས་ཀླད་པའི་རྫས་ལས་གཞན་པའི་ཤེས་པའི་རྣམ་གཞག་ཁས་ལེན་བྱེད་ཀྱི་མ་རེད། ཆོས་པས་ཤེས་པའི་རྣམ་གཞག་ཁས་ལེན་བྱས། དེ་གཉིས་དབར་ཐུན་མོང་གི་གཞི་རྟེན་ཞིག་ཡོད་དམ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག དེང་དུས་ཚན་རིག་གི་རྣམ་གཞག་གཏན་ལ་འབེབས་སྐབས་གཙོ་བོ་ཕྱི་དངོས་པོའི་རྣམ་གཞག་གཞིར་བཞག་ནས་འགྲོ་བ་རེད། དུས་རབས་ ༢༠ མཇུག་མཚམས་བར་ཚན་རིག་པའི་འགྲོ་སྟངས་དེ་ལྟར་རེད། ཀླད་པ་མ་གཏོགས་ཤེས་པའི་རྣམ་གཞག་སྐོར་ཁས་ལེན་བྱེད་ཀྱི་མེད། འོན་ཀྱང་དུས་རབས་ ༢༠ མཇུག་ཙམ་ནས་ཚན་རིག་པ་འགའ་ཤས་ཀྱིས་སྒོམ་རྒྱག་མཁན་ཁག་གཅིག་ལ་ཉམས་ཞིབ་བྱས་ནས་ལྟ་སྐབས་ཀླད་པའི་རྫས་ལ་ཤུགས་རྐྱེན་སྤྲོད་མཁན་གྱི་ཆོས་ཞིག་ཡོད་པ་ངོས་འཛིན་ཐུབ་ཡོད། དེར་བློ་ཟེར་ནའང་འདྲ་ཤེས་པ་བརྗོད་ནའང་འདྲ། གང་ལྟར་ཀླད་པ་ལས་གཞན་ཞིག་ཡོད་པར་ངོས་འཛིན་གནང་ཡོད། དེར་བརྟེན་དུས་རབས་ ༢༠ མཇུག་ཙམ་ནང་ཚན་རིག་པ་འགའ་ཤས་ཀྱིས་བློ་སྦྱོང་དེ་ཧ་ཅང་གལ་ཆེན་པོ་ཡིན་པར་ངོས་འཛིན་གནང་ཡོད། ཅེས་སོགས་བཀའ་ལན་སྩལ་འདུག །