ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༥ ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གི་ལས་ཁུངས་ཁག་བརྒྱད་ཀྱི་དྲ་ཚིགས་ཐོག དཀར་མཛེས་རྫོང་ཉེན་རྟོག་ཇུས་ནས་ཉེན་རྟོག་པའི་ས་མིག་གསལ་བསྒྲགས། ཟེར་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་ནག་གཞུང་གིས་བོད་མིར་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པ་ར་འཕྲོད་གསལ་པོ་བྱུང་འདུག གསལ་བསྒྲགས་ནང་བོད་མི་སུ་འདྲ་ཞིག་གིས་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའམ་ནང་མི་སུ་རུང་ཞིག་གིས་ཁྲིམས་འགལ་ཐོག་ནས་ཡུལ་གྱར་དུ་ཕྱིན་པ་བྱུང་ཚེ་ནང་མི་སྤུན་མཆེད་ཚོར་གོང་གི་ཉེན་རྟོག་པའི་ས་མིག་ནང་འཛུལ་ཞུགས་མི་ཆོག ཅེས་གསལ་བ་དང་།
གཞན་ཡང་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱེད་མཁན་དང་། དངོས་ཤུགས་བརྒྱུད་གསུམ་ནས་རྒྱལ་ཁབ་དང་མི་རིགས་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བ། སྤྱི་ཚོགས་ནང་དཀྲོག་གཏམ་ཁྱབ་སྤེལ་གྱིས་བརྟན་ལྷིངས་གཏོར་བཤིག་གཏོང་མཁན་རིགས་འཛུལ་ཞུགས་མི་ཆོག་པའི་ཆ་རྐྱེན་ནང་བཀོད་འདུག རྒྱ་ནག་གཞུང་གིས་” ཁ་བྲལ་བའམ་ཁ་བྲལ་གྱི་བྱ་སྤྱོད་ ” ཟེར་བ་ཙམ་ལས་དེར་འགྲེལ་བཤད་ཁ་གསལ་ཞིག་མེད་སྟབས་བོད་མི་སུ་རུང་ཞིག་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ཁྲིམས་མཐུན་གྱི་ལས་འགུལ་ཞིག་སྤེལ་བ་ཡིན་ནའང་དེར་ཁ་བྲལ་བ་རེད། ཟེར་ནས་ཁྲིམས་འགལ་གྱི་ཉེས་འཛུགས་བྱེད་བཞིན་ཡོད། བར་ལམ་ནས་རྒྱ་ནག་གཞུང་གིས་ལས་བྱེད་ས་མིག་གསལ་བསྒྲགས་འདོན་སྐབས་གོང་གི་ཆ་རྐྱེན་དེ་དག་ཆེད་མངགས་བཀོད་པ་དེ་ནི་གཙོ་བོ་བོད་མིར་དམིགས་པ་ཞིག་རེད།
དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ནང་བོད་རང་སྐྱོང་ལྗོངས་ཟེར་བའི་མཐོ་སློབ་ཐོན་པའི་བོད་མི་ཞིག་གཞུང་གི་ལས་ཀ་ཐོབ་ཆེད་ཆ་རྐྱེན་ཞིག་ལ། ཁོ་པས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་དགོས་པ་བྱུང་འདུག ཅེས་འཁོད།།