ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་ཏོག་དབྱིབས་གཉན་རིམས་ཆེས་ཐོག་མར་མཆེད་སྐབས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ནད་ཡམས་གསར་པའི་ཐོག་ཉེན་བརྡ་ཐོག་མར་གཏོང་མཁན་གྱི་རྒྱ་མིའི་སྨན་པར་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་མཁན་ཡིན་པའི་རང་སྐྱོན་ངོས་ལེན་ཟེར་བ་བྱེད་བཅུག་པ་དང་། ཐོག་མའི་ཆར་རྒྱ་ནག་གཞུང་གིས་ཧ་ཅང་འགོས་སླ་བའི་ནད་ཡམས་ཁྱབ་གདལ་ཟིན་པ་དེར་ངོས་ལེན་རྩ་བ་ནས་མ་བྱས་པར་དངོས་ཡོད་གནས་ཚུལ་སྦ་གསང་བྱེད་ཐབས་ཁོ་ན་བྱས་ཡོད། འོན་ཀྱང་རྫུན་གྱི་མཐའ་མ་ལྕགས་ཡིན་ཡང་རྡོལ་ཟེར་བ་ལྟར་རྒྱ་ནག་གཞུང་གིས་འཇམ་རྩུབ་ཐབས་ཤེས་ཇི་ཙམ་བྱས་ཀྱང་རིམ་བཞིན་རྒྱ་ནག་རྒྱལ་ནང་ཙམ་མ་ཟད། འཛམ་གླིང་གང་སར་ནགས་གསེབ་ལ་མེ་ཤོར་བ་ལྟར་མཆེད་ནས་ད་ཆ་རི་ལུག་པཐག་པས་མི་འདུམ་ཞེས་པའི་དཔེ་ལྟར་གྱུར་ཡོད། རྒྱ་ནག་དམར་པོའི་སྲིད་གཞུང་གིས་འཛམ་གླིང་སྤྱི་ལ་གསང་བའི་ལག་སྐྱེས་ (ཏོག་དབྱིབས་གཉན་རིམས།) འདི་ལ་བརྟེན་ནས་ད་ཆ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་ཡམས་ཀྱིས་ཁྱབ་ནས་མི་གྲངས་འབུམ་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། ས་ཡ་མང་པོ་ནད་མནར་ཛ་དྲག་ངང་ལྷུང་ཡོད།
ཛ་དྲག་གི་གནས་སྟངས་དེ་ལྟར་འོག་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་མཚམས་སུ་རྒྱ་མིའི་དམག་མིས་ཉེ་ལམ་དཔུང་འཇུག་བྱས་ནས་ཉིན་འགའ་སོང་རྗེས་ཕྱི་ཚེས་ ༡༦ ཉིན་རྒྱ་མིའི་དམག་མིས་རྒྱ་གར་གྱི་ས་མཚམས་དམག་དཔོན་ཀོ་ནལ་གོ་གནས་ཅན་སྐུ་ཞབས་སན་ཏོ་ཤི་བྷ་བུ་ Col B.Santosh Babu ཞེས་པ་དང་། གཞན་དམག་མི་བཅུ་དགུ་བཅས་ཁྱོན་རྒྱ་གར་གྱི་དམག་མི་ཉི་ཤུར་ལག་འཛིང་བཏང་ནས་བསད་ཡོད་པའི་གནས་ཚུལ་བརྒྱུད་ལམ་ཁག་ནས་བསྒྲགས་འདུག
རྒྱ་ནག་གཞུང་གིས་རྒྱ་གར་ས་མཚམས་ཐོག་དཔུང་འཇུག་བྱས་པ་ཙམ་མ་ཟད། ཐེ་ཝན་མཚོ་མཐའི་ས་མཚམས་ཐོག་དམག་དོན་སྦྱོང་བརྡར་དང་མཚོ་དམག་གྲུ་གཟིངས་དང་གནམ་གྲུ་འགྲོ་འོང་ཤུགས་ཆེ་རུ་བཏང་བ། དེ་བཞིན་ཧོང་ཀོང་མི་མང་ཐོག་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཟེར་བའི་དེ་སྔ་ཨིན་ཇིའི་དབང་སྒྱུར་བྱེད་སྐབས་གྲོས་ཆོད་ཀྱི་འབྲུ་དོན་ལ་རྩིས་མེད་རྡོག་རོལ་བཏང་ནས་རྒྱ་ནག་གཞུང་གིས་ཐེངས་འདིར་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་ ༡༣ པའི་གྲོས་ཚོགས་ཚོགས་ཐེངས་ ༣ པའི་ཐོག ཧོང་ཀོང་དང་འབྲེལ་བའི་བདེ་སྲུང་ཁྲིམས་ཟེར་བ་གཏན་འབེབ་བྱས་ཡོད། རྒྱབ་ལྗོངས་ཀྱི་གནས་སྟངས་དེའི་འོག་ནས་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གཅིག་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཕགས་བོད་ས་མཚམས་ཐོག་རྩོད་རྙོག་དང་འབྲེལ་བའི་བཅར་འདྲི་དང་ལེན་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༦ ཉིན་གྱི་ཕྱེད་ཡོལ་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་གསར་འགྱུར་ལས་ཁང་ CNN News 18 ཞེས་པའི་གསར་འགོད་པ་ Maha Siddique ཞེས་པའི་བཅའ་འདྲི་དང་ལེན་གནང་བ་གཤམ་གསལ།
གསར་འགོད་པ། ད་ལྟ་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་འཛིང་རས་བྱས་ནས་རྒྱ་གར་གྱི་དམག་མི་ ༢༠ བསད་པ་དང་། རྒྱ་མིའི་དམག་མི་ཁག་གཅིག་ལ་རྨས་སྐྱོན་བཟོས་ཡོད། དེར་བརྟེན་ས་མཚམས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ལ་གནད་དོན་དེའི་ཐད་བློ་འཚབ་འདུག་གམ།
དཔལ་ལྡན་སྲིད་སྐྱོང་མཆོག ང་ཚོར་བློ་འཚབ་ཧ་ཅང་འདུག འཚེ་བའི་ལས་ཇི་འདྲ་ཞིག་སྤེལ་ཡང་དེར་སྐྱོན་བརྗོད་བྱེད་དགོས། ས་མཚམས་ཀྱི་རྩོད་རྙོག་དེ་དག་གྲོས་མོལ་བརྒྱུད་སེལ་ཐུབ་རྒྱུ་ཡིན་སྟབས་མི་བསད་དགོས་དོན་རྩ་བ་ནས་མེད། ལྷག་པར་ས་མཚམས་ཐོག་འཚེ་བའི་ལས་སྤེལ་རྒྱུར་ཕྱོགས་གཉིས་ཀས་ངེས་པར་འཛེམས་དགོས་པ་རེད། ས་མཚམས་སུ་ཕྱོགས་གཉིས་ཀྱི་དམག་མི་ཕན་ཚུན་མེ་མདའ་བརྒྱག་རྒྱུ་ལྟ་ཞོག མེ་མདའི་ཁ་དེའང་ས་ལ་མར་གཏད་དགོས་པ་ལས་ཕན་ཚུན་ཁ་གཏད་བྱེད་མི་རུང་། དེར་བརྟེན་ང་ཚོས་ཐེངས་འདིར་ས་མཚམས་སུ་འཚེ་བའི་བྱ་སྤྱོད་སྤེལ་བར་སྐྱོན་བརྗོད་ཞུ་རྒྱུ་དང་། ཞི་བདེའི་ཁོར་ཡུག་གང་མགྱོགས་བསྐྱར་གསོ་གནང་དགོས། ལོ་རྒྱུས་ཐོག་ནས་ས་མཚམས་དེ་འཕགས་བོད་ཡུལ་གཉིས་ཀྱི་ས་མཚམས་ཆགས་ཡོད།
སྐབས་དེར་ས་མཚམས་སུ་ཕྱོགས་གཉིས་ཀྱི་དམག་མི་འགྲེམ་འཇོག་བྱེད་དགོས་པ་རྩ་བ་ནས་མེད། ཞི་བདེ་བག་ཕེབས་ངང་ལོ་ངོ་བརྒྱ་ཕྲག་རིང་གནས་ཐུབ་པ་བྱུང་ཡོད། བོད་དེ་བཞིན་ཆོས་ལྡན་རྒྱལ་ཁབ་ཅིག་ཡིན་སྟབས་འཚེ་མེད་ཞི་བར་ཡིད་ཆེས་བྱེད་མཁན་ཞིག་རེད། འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ས་དབང་སྒྱུར་བྱས་རྗེས་རྒྱ་གར་གྱི་ས་མཚམས་བར་དུ་རྒྱ་མིའི་དམག་མི་སླེབས་པ་རེད། དེ་ལ་བརྟེན་ནས་ད་ལྟའི་ས་མཚམས་ཀྱི་རྩོད་རྙོག་དེ་ལྟར་བྱུང་བ་ཞིག་རེད། འབྱུང་འགྱུར་མུ་མཐུད་དཀའ་ངལ་འཕྲད་ངེས་རེད།
གསར་འགོད་པ། སྐད་ཆ་འདི་ཧ་ཅང་གནད་འགག་འདུག ཁྱེད་ལྟར་ན་རྒྱ་མིས་རྒྱ་གར་ས་ཐོག་ཏུ་བཙན་འཛུལ་བྱས་པ་ཞིག་ཨེ་ཡིན།
དཔལ་ལྡན་སྲིད་སྐྱོང་མཆོག བོད་མི་ཚོས་ལོ་ངོ་དྲུག་ཅུའི་རིང་བསགས་པའི་ཉམས་མྱོང་ལ་གཞི་བཅོལ་ནས་བཤད་ན། དེ་སྔ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མའོ་ཙེ་ཏུང་གིས་བོད་ས་ཧམ་བཟུང་བྱེད་སྐབས། བོད་དེ་ལག་མཐིལ་ཡིན་པ་དང་། བལ་ཡུལ་དང་འབྲས་ལྗོངས། ལ་དྭགས། ཨ་རུ་ནཱ་ཅལ་པར་དེ་ཤི། འབྲུག་བཅས་ལྔ་པོ་མཛུབ་མོ་ལྔ་དང་། ལག་མཐིལ་ལ་དབང་སྒྱུར་ཐུབ་པ་ཡིན་ན་མཛུབ་མོ་ལྔ་པོ་རྣམས་ལས་སླ་པོར་དབང་སྒྱུར་བྱེད་ཐུབ་པར་བཤད་ཡོད། དེ་སྔ་ཕྱི་ལོ་ ༢༠༡༧ ལོར་འབྲོག་ལམ་དུ་གདོང་ཐུག་བྱུང་བ་དང་། ད་ཆ་ལ་དྭགས་སུའང་དེ་མཚུངས་གནས་སྟངས་བྱུང་ཡོད།
ཕྱོགས་མཚུངས་བལ་ཡུལ་དང་འབྲུག ཨ་རུ་ནཱ་ཅལ་ནང་དུའང་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་ཡོད། དེར་བརྟེན་བོད་མི་ཚོར་ལོ་ངོ་དྲུག་ཅུའི་གོང་དཀའ་ངལ་འཕྲད་པ་དེ་ལས་ངེས་པར་བློ་སྐྱེད་ལེན་དགོས། དེ་ལྟར་མ་བྱས་པ་ཡིན་ན་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་སྲིད་བྱུས་དང་འཆར་གཞི་སོགས་གསལ་རྟོགས་ཐུབ་པ་དཀའ། ལག་མཐིལ་ལྟ་བུ་བོད་དེ་བཙན་བཟུང་བྱས་ཚར་བ་རེད། ད་ཆ་མཛུབ་མོ་ལྔ་པོ་ཐོབ་ཐབས་བྱེད་བཞིན་ཡོད།
གསར་འགོད་པ། ཁྱེད་ལྟར་ན་རྒྱ་གར་གཞུང་གིས་ཛ་དྲག་གི་གནས་སྟངས་དེ་གྲོས་མོལ་ལམ་ནས་ཞི་འཇམ་ཡོང་ཐབས་བྱེད་བཞིན་པ་དེ་ཕན་ཐོགས་མེད་པ་ཞིག་རེད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག གོམ་པ་མདུན་སྤོས་བྱེད་དགོས་ན་གྲོས་མོལ་ལས་ཐབས་ལམ་གཞན་མེད། དཀའ་ངལ་ཇི་འདྲ་ཞིག་ཡིན་ཡང་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་དེ་ང་ཚོའི་རྩ་བའི་དམ་བཅའ་ཡིན། འོན་ཀྱང་རྒྱ་གར་ལ་མཚོན་ན་ས་ཁྱོན་ཆིག་སྒྲིལ་གྱི་བདག་དབང་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་རེད། དེར་བརྟེན་འཇམ་རྩུབ་ཐབས་ཤེས་གཉིས་ཀ་བསྟེན་དགོས། རྒྱ་ནག་གི་སྲིད་བྱུས་དེའང་ཨིན་ཇིའི་གཏམ་དཔེར་དབྱུག་པ་དང་ལ་ཕུག་གི་ཐབས་ལམ། ཟེར་བ་ལྟར་བྱས་ནས་འགྲོ་དགོས། རྒྱ་གར་ཕྱོགས་ནས་ཀྱང་དེ་མཚུངས་གནང་དགོས། འོན་ཀྱང་དུས་ནམ་ཡང་དོན་མེད་ཕར་རྒོལ་བྱེད་མི་རུང་། འཕགས་བོད་ས་མཚམས་ལ་མཚོན་ན། ད་ཕན་ས་མཚམས་ཐོག་ཁྲིམས་འགལ་བཙན་འཛུལ་བྱེད་མཁན་གཙོ་བོ་རྒྱ་ནག་ཆགས་ཡོད།
གསར་འགོད་པ། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ས་མཚམས་ཀྱི་དཀའ་རྙོག་ཐོག་ལ་དགོངས་ཚུལ་གང་ཡང་མ་གསུང་པ་དེར་མི་མང་པོ་ཞིག་ལ་བསམ་ཚུལ་ཡོད་ཚོད་འདུག ལྡི་ལིར་བཅའ་བཞུགས་རྒྱ་གར་གཞུང་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཐེངས་འདིར་རྒྱ་གར་ལ་རྒྱབ་སྐྱོར་གྱི་དགོངས་ཚུལ་འདྲ་ཞིག་བཀའ་སྩལ་ཐུབ་ན་སྙས་ནས་རེ་བ་ཞུ་བཞིན་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་ ༦༠ རིང་འཛམ་གླིང་ས་གནས་གང་འདྲ་ཞིག་ལ་ཆིབས་སྒྱུར་བསྐྱངས་ཡང་རྒྱ་གར་གྱི་ཆོས་དང་རིག་གཞུང་། ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་ཐོག་ཡི་རང་བསྔགས་བརྗོད་རྒྱ་ཆེ་མཛད་དང་མཛད་མུས་རེད། དེར་བརྟེན་མགོན་པོ་གང་ཉིད་ལས་ལྷག་པའི་རྒྱ་གར་གྱི་མགྲིན་ཚབ་པ་ཞིག་མེད་ཅེས་ཟེར་ཆོག འོན་ཀྱང་ཕྱི་ལོ་ ༢༠༡༡ ལོ་ནས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ཟིན་སྟབས། ད་ཆ་ཆབ་སྲིད་ཐོག་ལ་སྐད་ཆ་ཤོད་རྒྱུའི་ལས་འགན་དེ་ངའི་ཕྲག་པའི་སྟེང་ལ་འབབ་ཡོད།
དེར་བརྟེན་ངས་འདིར་གོང་དུ་བརྗོད་པ་ལྟར་རྒྱ་གར་གྱིས་གཙོས་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཚང་མར། ལོ་ངོ་ ༦༠ གོང་བོད་ནང་དུ་གནས་ཚུལ་གང་བྱུང་བ་དེ་ལྟར་ཁྱེད་རང་ཚོའི་ལུང་པའི་ནང་ལ་ཡོང་སྲིད་པ་རེད། ཅེས་ཉེན་བརྡའི་ཚུལ་དུ་ཞུས་དང་ཞུ་མུས་ཡིན། འོན་ཀྱང་མི་ཚོས་ང་ཚོ་བོད་མིས་བཤད་པའི་སྐད་ཆར་བདག་སྤྲོད་བྱེད་ཀྱི་མེད། ད་ཆ་མངོན་སུམ་དུ་མཐོང་བཞིན་པ་འདི་རེད།
གསར་འགོད་པ། ཉེ་ལམ་སླེ་རུ་མི་མང་གིས་རྔམ་སྟོན་ལས་འགུལ་སྤེལ་བ་དེས་ས་མཚམས་སྲུང་སྐྱོབ་ཀྱི་ལས་དོན་ཐོག་འགོག་རྐྱེན་བཟོ་སྲིད་པའི་བསམ་ཚུལ་འདོན་མཁན་ཁག་གཅིག་ཀྱང་བྱུང་ཡོད། གང་ཡིན་བརྗོད་ན་སྐབས་དེར་རྒྱ་གར་གྱིས་ས་མཚམས་སུ་བདེ་སྲུང་ལས་དོན་ཚགས་ཚུད་གཏོང་ཐབས་བྱེད་བཞིན་ཡོད། དེའི་ཐོག་གསལ་བཤད་ཅིག་གནང་རོགས།
དཔལ་ལྡན་སྲིད་སྐྱོང་མཆོག དེ་ནི་ལ་དྭགས་མི་མང་གིས་ཐག་གཅོད་གནང་དགོས་སྟབས་ཁོང་ཚོས་རང་གི་སེམས་ཚོར་གང་ཡིན་གསལ་འདོན་གནང་ཡོད། གཞུང་ཚབ་པ་ཟུར་པས་བཤད་པའི་སྐད་ཆ་དེར་མཚོན་ན་གཅིག་ནས་ལུས་ངག་གི་རྣམ་འགྱུར་ཚུལ་ལྡན་མིན་ཞིང་། གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་མཚན་གནས་དང་རྩ་བ་ནས་མ་འཚམ་པའི་སྐད་ཆ་དེ་ལ་བརྟེན་ནས་མགོན་པོ་གང་ཉིད་ལ་དད་གུས་ཞུ་མཁན་ལ་དྭགས་ནང་པ་ཙམ་མ་ཟད། ༸གོང་ས་མཆོག་ལ་བརྩི་བཀུར་ཞུ་མཁན་ཁ་ཆེ་བ་ཚོའི་སེམས་ལའང་ཕོག་ཐུག་ཆེན་པོ་བཏང་ཡོད། མི་མང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ཅང་ཞུ་བཞིན་ཡོད་སྟབས་ཁོང་ཚོས་རང་གི་སེམས་ཚོར་ཕྱི་ལ་མངོན་པར་བྱས་པ་རེད། དེས་གང་མཚོན་པར་བརྗོད་ན། གཞུང་ཚབ་ཟུར་པ་བསོད་ནམས་སྟོབས་ལྡན་ཁོ་པ་ནང་བཞིན་བསམ་ཚུལ་འཛིན་མཁན་ལ་དྭགས་ཁྲོད་ཆེས་ཉུང་ཉུང་རེད། ལ་དྭགས་སྤྱི་བྱིངས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དད་མོས་ཧ་ཅང་ཞུ་བཞིན་ཡོད།
ཕྱོགས་མཚུངས་གཞུང་ཚབ་ཟུར་པ་ཁོ་པས་ངའི་སྐོར་བཤད་པའི་སྐད་ཆའི་ཁོངས་ནས་འགའ་ཤས་དྲང་བདེན་རྩ་བ་ནས་མིན། ཁོ་པས་བཤད་པ་ལྟར་ན་ངར་མགྲོན་ཤོག་མ་སྤྲད་གོང་ནས་ང་རང་ལ་དྭགས་ས་ཁུལ་དུ་འབྱོར་ཟིན་པ་རེད། འོན་ཀྱང་དངོས་ཡོད་གནས་སྟངས་ནི་དེ་འདྲ་རྩ་བ་ནས་མིན། དངོས་བདེན་གང་ཡིན་བརྗོད་ན། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༢ ཉིན་ལ་དྭགས་སུ་རྟེན་གཞི་བྱས་པའི་ཁོ་པའི་བསྟི་གནས་ཁང་ཞིག་ཏུ་ང་རང་ཡོང་རོགས་ཞེས་ང་ལ་མགྲོན་ཤོག་བཏང་བྱུང་། དེར་བརྟེན་ང་རང་ལ་དྭགས་སུ་ཕྱིན་པ་ཡིན། གཏམ་བཤད་ཀྱང་བྱས་པ་རེད། སྤང་གོང་མཚོར་ཡང་ཕྱིན་པ་ཡིན། ཡུལ་སྐོར་སྤྲོ་འཆམ་བྱེད་སའི་ས་ཆ་གྲགས་ཅན་ཞིག་རེད། ས་ཁུལ་དེར་ལོ་ངོ་སུམ་ཅུའི་གོང་ཙམ་ནས་བཙུགས་པའི་བོད་ཀྱི་རྒྱལ་དར་རྙིང་པ་ཞིག་འདུག ད་ལྟའང་ཡོད་པ་རེད། འོན་ཀྱང་གཞུང་ཚབ་པ་ཁོ་པས་བོད་ཀྱི་རྒྱལ་དར་དེ་ངས་སྒྲེང་འཛུགས་བྱས་པ་རེད། ཟེར་ནས་སྐྱག་རྫུན་ཆེན་པོ་བཤད་པ་རེད། སྐད་ཆ་དེ་རིགས་ཀྱིས་སྤྱི་ཚོགས་དཀྲུག་གི་ཡོད། ཅེས་ལན་འདེབས་གནང་ཡོད་པ་བཅས།།