ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཨོ་སི་ཀྲི་ལི་ཡའི་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༥ ཉིན་མོ་ནི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་གྲངས་ ༣༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་། ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ནི་རིན་པོ་ཆེ་མཆོག་དང་གང་གི་ནང་མི་དང་བཅས་རྒྱ་དམར་གཞུང་གིས་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༥ འཁོར་བའི་སྡུག་བསྔལ་དུས་དྲན་གྱི་ཉིན་མོ་ཡིན་ཞིང་། བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་ཤག་ནས་རྗེས་དྲན་ཞུ་གཏུག་གི་ལས་འགུལ་རྒྱ་གང་ཆེ་སྤེལ་དགོས་པའི་བཀོད་ཁྱབ་ཁག་དང་། འབྲེལ་ཡོད་འགྲེལ་བཤད་སྙིང་བསྡུས་ཤོག་ལྷེ་ ༤ ཅན། ཞུ་གཏུག་ཡི་གེ་ཤོག་ལྷེ་ ༧ ཅན། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་བའི་དོན་གནད་གལ་ཆེ་ ༢༥ གསལ་བའི་ཤོག་ལྷེ་ ༢ ཅན། པཎ་ཆེན་སྐུ་ཕྲེང་ན་རིམ་དང་ཡང་སྲིད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་ལག་ཆར་ཇི་ལྟར་འགྱུར་རམ་ཞེས་པའི་ཤོག་ལྷེ་ ༡༡༢ ཅན་གྱི་སྙན་ཐོ་བཅས་ཡིག་ཆ་ཁག་གནང་སོན་བྱུང་བ།
འདི་ག་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་གོང་གསལ་ཡིག་ཆ་ཁག་ཕྱོགས་བསྡོམས་ཀྱི་དེབ་གཟུགས་དཔར་སྐྲུན་ཞུས་ཏེ་ཨོ་སི་ཀྲོ་ལི་ཡ་དང་། ནིའུ་ཛི་ལེན་ཌེ། མཱ་ལའེ་ཞི་ཡ། ཧིན་རྡུ་ནེ་ཞི་ཡ། སིང་གྷ་པུར་བཅས་ཀྱི་འབྲེལ་ཡོད་སྲིད་བློན་དང་སྲིད་འཛིན་ལ་ཕུལ་ཡོད་པ་དང་། དེ་ཡང་ཨོ་སི་ཀྲོ་ལི་ཡ་དང་ནིའི་ཛི་ལེན་ཌེའི་ཕྱི་སྲིད་བློན་ཆེན། རྒྱལ་ཁབ་དེ་གཉིས་ཀྱི་ཆབ་སྲིད་ཚོགས་ཚོགས་པ་ཆེ་གྲས་ཁག་ ༥ ཡི་དབུ་འཁྲིད་སོ་སོ། ཨོ་གླིང་ཕྱི་སྲིད་ལས་ཁུངས་བཅས་ལ་སྦྲག་ཁང་བརྒྱུད་ངོ་འབུལ་ཞུས་ཡོད། དེ་བཞིན་གོང་གསལ་ཡིག་ཆ་ཁག་གློག་འཕྲིན་བརྒྱུད་ཨོ་སི་ཀྲོ་ལི་ཡ་གྲོས་ཚོགས་གོང་མའི་ཚོགས་མི་ [Senator] ༢༩ དང་། གྲོས་ཚོགས་འོག་མའི་འཐུས་མི་ [MP] ༦༡ ལ་ཕུལ་བ་མང་ཆེ་བས་འབྱོར་ལན་ཕེབས་པ་མ་ཟད། དོ་སྣང་ཅན་མང་པོ་བྱུང་བའི་ནང་གཞུང་འཛིན་ཚོགས་པའི་གནད་ཡོད་ཁ་ཤས་ནས་ཕྱི་སྲིད་ལས་ཁུངས་ལ་ཕུལ་ཡོད་མེད་དང་། ངེས་པར་ཕུལ་དགོས་པའི་གཞེན་སྐུལ་གནང་མཁན་ཡང་བྱུང་བ་མ་ཟད།
ཨོ་སི་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་འབྲེལ་མཐུད་གོ་སྒྲིག་འོག གྲོས་ཚོགས་འོག་མའི་འཐུས་མི་ཝ་རེན་ཨེན་ཇེ་མཆོག་ Hon Warren Entsch,MP དང་། ལྕམ་སུ་སན་ཊེམ་པོལ་མན་མཆོག་ Susan Templeman,MP གྲོས་ཚོགས་གོང་མའི་འཐུས་མི་སི་ནེ་ཊོར་ནིག་མེག་ཀིམ་མཆོག་ Senator Nick Mackim བཅས་ནས་ཆེད་དུ་བརྙན་ཐུང་ལེ་ཚན་བཟོས་ཏེ་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་མྱུར་དུ་གློད་འགྲོལ་གཏོང་དགོས་པའི་གདུང་སེམས་མཉམ་སྐྱེའི་གསུང་བཤད་གལ་ཆེན་པོ་གནང་ཡོད།
དེ་ཡང་འདི་ག་སྐུ་ཚབ་དོན་གཅོད་ལས་ཁུངས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༢ ཉིན་ཨོ་སི་ཀྲོ་ལི་ཡ་ཁུལ་ནའོ་ར་ས་གནས་བོད་རིགས་མཐུན་ཚོགས་དང་། ནིའུ་ཁཱ་སིལ་ས་གནས་བོད་རིགས་མཐུན་ཚོགས། ཁོན་སི་ལེན་ཌེ་ས་གནས་བོད་རིགས་མཐུན་ཚོགས། ཨེ་སི་ཊི་ས་གནས་བོད་རིགས་མཐུན་ཚོགས། ཝིཀ་ཊོ་རེ་ཡ་ས་གནས་བོད་རིགས་མཐུན་ཚོགས། ཊ་སི་མ་ནེ་ཡ་ས་གནས་བོད་རིགས་མཐུན་ཚོགས། ལྷོ་ཨོ་སི་ཀྲོ་ལི་ཡ་ས་གནས་བོད་རིགས་མཐུན་ཚོགས། ཝ་ཀ་ཝ་ཀ་ས་གནས་བོད་རིགས་མཐུན་ཚོགས་བཅས་དང་། ནིའུ་ཛི་ལེན་ཌི་ཁུལ་ཝང་གྷ་རེ་ས་གནས་བོད་རིགས་མཐུན་ཚོགས། ཁ་ར་ཡི་སི་ཅར་ཆེ་ས་གནས་བོད་རིགས་མཐུན་ཚོགས། ཨོག་ལེན་ཌི་ས་གནས་བོད་རིགས་མཐུན་ཚོགས། དྲུ་ནེ་ཌེན་ས་གནས་བོད་རིགས་མཐུན་ཚོགས་བཅས་སོ་སོར་གློག་འཕྲིན་བརྒྱུད་གོང་གསལ་ཡིག་ཆ་ཁག་ཕུལ་ཏེ། འབྲེལ་ཡོད་ས་གནས་གྲོས་ཚོགས་འཐུས་མི་དང་། ས་གནས་གཞུང་། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ། གསར་འགྱུར་བརྒྱུད་ལམ། བོད་མི་དང་དམིགས་བསལ་འབྲེལ་བ་ཡོད་པའི་སྡེ་ཚན་དང་གང་ཟག་ཁག་ལ་འབུལ་དགོས་པའི་གསལ་བསྒྲགས་སྤེལ་བ་ལྟར། ད་བར་ནིའུ་ཛི་ལེན་ཌེ་ཨོག་ལེན་ཌི་བོད་རིགས་མཐུན་ཚོགས་ནས་ Where is The 11th Panchen Lama ༼ པཎ་ཆེན་རིན་པོ་ཆེ་ག་པར་ཡོད། ༽ ཅེས་པའི་སྐར་མ་ ༤༢ ཅན་གྱི་གློག་བརྙན་སྤྱི་ཚོགས་དྲ་ལམ་བརྒྱུད་འགྲེམས་སྤེལ་བྱས་པ་མི་གྲངས་ཆིག་ཁྲི་བརྒྱད་སྟོང་ལྷག་གི་བལྟས་ཡོད་པ་དང་། མི་གྲངས་ ༡༧༧ ཙམ་གྱིས་མཉམ་སྤྱོད་ Share བྱས་པ། མི་གྲངས་ ༧༦༧ ནས་དགའ་རྟགས་བརྒྱབ་པ་བྱུང་འདུག དེ་བཞིན་ཞུ་སྙན་དང་ཡིག་ཆ་ཁག་ནིའུ་ཛི་ལེན་ཌི་གྲོས་ཚོགས་འཐུས་མི་ ༡༢༡ ཆ་ཚང་དང་། བཀའ་བློན་ ༢༧ རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་Amnesty Interantional, New Zealand བཅས་ལ་ཕུལ་འདུག དེ་མིན་ཨེ་སི་ཀྲི་དང་ཝ་ག་ཝ་ག ཁོན་སི་ལེན་ཌེ། ཊ་སི་མ་ནི་ཡ་བོད་རིགས་མཐུན་ཚོགས་བཅས་ནས་དོན་ཁང་གི་གསལ་བསྒྲགས་གཞིར་བཟུང་། མངའ་གཞུང་སོ་སོའི་གྲོས་ཚོགས་འཐུས་མི་དང་། གྲོང་ཁྱེར་སྤྱི་ཁྱབ། མི་རིགས་རིག་གཞུང་སྣ་མང་ལས་ཁུངས་ཀྱི་འགན་ལྷན་སྤྱི་ཁྱབ། གཙུག་ལག་སློབ་དཔོན་ཆེ་མོ། གསར་འགྱུར་བརྒྱུད་ལམ། ཆོས་ལུགས་དབུ་འཁྲིད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པའི་འགན་འཛིན་བཅས་པར་གློག་འཕྲིན་བརྒྱུད་ཕུལ་བར་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་ཡོད་པའི་འབྱོར་ལན་ཕེབས་འདུག་པ་མ་ཟད། ཊ་སི་མ་ནི་ཡར་དྲ་ལམ་བརྒྱུད་བོད་མི་ནང་ཁུལ་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་ཞུས་འདུག
ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༧ ཉིན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་རྒྱ་གཞུང་གི་གདུག་རྩུབ་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེ་དང་རྒྱའི་བཙན་དབང་འོག་ནས་མྱུར་དུ་གློད་འགྲོལ་ཡོང་བའི་སྨོན་ལམ་མཚོན་བྱེད་དུ་བཙན་བྱོལ་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་རང་ཁྱིམ་ནས་སྒྲོན་མེ་མཆོད་འབུལ་ལམ་ནས་ལས་འགུལ་སྤེལ་དགོས་པ་དང་། དེ་ཉིན་དགོང་དྲོ་རྒྱ་གར་གྱི་ཆུ་ཚོད་ ༧ པའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་འདི་ག་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་ས་གནས་བོད་རིགས་མཐུན་ཚོགས་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ ༢༠ ། འབྲེལ་ཡོད་རྒྱ་རིགས་གྲོགས་པོ་ཚོགས་པ་དང་སྒེར་སོ་སོ་ལའང་འགྲེམས་སྤེལ་རྒྱ་གང་ཆེ་ཞུས་པ་ལྟར། བོད་མི་ཚོས་འདི་གའི་ཁྲིམས་བཀག་དགོངས་དོན་རང་ཁྱིམ་དུ་མཆོད་འབུལ་སྨོན་ལམ་འདོན་པ་དང་། ས་གནས་ཁ་ཤས་སུ་དྲ་ལམ་ཐོག་དུད་ཚང་ཁག་ ༡༠ ཙམ་མཉམ་འཛོམས་ཀྱིས་ལས་འགུལ་སྤེལ་བ་སོགས་སྤེལ་ཡོད།
ད་ཐེངས་ཀྱི་ལས་འགུལ་འདིའི་ནང་དུ་རྒྱ་རིགས་གྲོགས་པོ་མང་པོ་ཞིག་མཉམ་ཞུགས་གནང་སྟེ་བརྙན་ཐུང་འདྲ་མིན་བཟོས་ཡོད་པ་དང་། དེའི་ནང་ནས་ནིའུ་སའོ་ཐེ་ཝིལ་བོད་རྒྱ་མཛའ་འབྲེལ་ཚོགས་པ་དང་། ཝེཀ་ཊོ་རེ་ཡ་བོད་རྒྱ་མཛའ་འབྲེལ་ཚོགས་པ། མེལ་སྦོན་བོད་རྒྱ་དམངས་ཁྲོད་འབྲེལ་ལམ་བསྐུལ་སྤེལ་ཚོགས་པ། ནིའུ་ཛི་ལེན་ཌེ་བོད་རྒྱ་མཛའ་འབྲེལ་ཚོགས་པ། རྒྱ་ནག་མང་གཙོ་དོན་གཉེར་བ་མིང་ཀྲིན་དང་མིང་ལེན་ཚོགས་པ། ཨོ་སི་ཀྲོ་ལི་ཡའི་རིན་ཐང་སྲུང་སྐྱོབ་ཚོགས་པ། སིད་ནི་མང་གཙོའི་གླེང་སྟེགས། ཁོན་སི་ལེན་བོད་རྒྱ་གཞོན་སྐྱེས་འབྲེལ་འདྲིས་གླེང་སྟེགས། རང་དབང་ཤེས་ཡོན་ཅན་ཁག་སོགས་ཀྱི་ལས་འགུལ་སྤེལ་བ་དང་རྒྱབ་སྐྱོར་གྱི་གསུང་བཤད་སོགས་གནང་འདུག་པ་བཅས། །