ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༧ ཉིན་བཏང་གནས་ནང་འཁོད་དོན། ཧོན་སུར་རབ་རྒྱས་གླིང་ས་གནས་སུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ལས་གཞི་ཇི་ལྟར་སྤེལ་དང་སྤེལ་མུས་ཀྱི་ལས་བསྡོམས་སྙིང་བསྡུས་ཐེངས་གཉིས་པའི་ནང་འཁོད་དོན།
ས་གནས་འགོ་འཛིན་ལས་ཁུངས་དང་ཡན་ལག་འཕྲོད་བསྟེན་སྨན་ཁང་གཉིས་ཀྱིས་འགན་འཁུར་འོག་ཁྱབ་ཁོངས་གྲོང་སྡེ་ཆ་ཚང་དང་དགོན་སྡེ། དེ་བཞིན་སྨན་ཁང་དང་རྒས་གསོ་ཁང་བཅས་ལ་དུག་སེལ་རྫས་སྦྱོར་བགོ་འགྲེམས་ཀྱིས་སྡེ་ཚན་དང་གྲོང་སྡེ་སོ་སོ་ནས་དུག་སེལ་ཆད་ལྷག་མེད་པར་གཏོར་འདུག དེ་རྗེས་ས་གནས་འགོ་འཛིན་དང་སྤྱི་མི་ལས་ཁུངས་གཉིས་ཀྱི་འགན་འཁུར་འོག་གྲོང་སྡེ་ཡོངས་རྫོགས་ཀྱི་རྒྱ་ལམ་ཆ་ཚང་དུག་སེལ་གཏོར་འདུག
གཞན་ཡང་ས་གནས་ཀྱི་ Panchayat ལ་རེ་སྐུལ་ཞུ་དོན་ལྟར་གྲོང་སྡེ་ཁག་གཅིག་དང་རྒས་གསོ་ཁང་། དེ་བཞིན་ས་འགོ་ལས་ཁུངས་དང་མཉམ་འབྲེལ་ལས་ཁུངས་བཅས་སུ་ཡང་དུག་སེལ་སྨན་རྫས་གཏོར་འདུག
ས་གནས་ཀྱི་ཆེས་མཐོའི་ནད་ཡམས་སྔོན་འགོག་ཚོགས་ཆུང་དང་སྤྱི་མི་བརྒྱ་དཔོན་ལྷན་རྒྱས་བཞུགས་མོལ་འཚོགས་འདུའི་ལམ་ནས་གལ་སྲིད་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་སོགས་ནས་ཕྱི་ཟླ་ ༥ ཚེས་ ༣ ནས་ཐེམ་སྤང་བཀའ་རྒྱ་ལྷོད་ཡང་བཏང་བའི་གནས་སྟངས་བྱུང་ཚེ་གཞིས་མི་ཡོངས་ཀྱི་འཕྲོད་བསྟེན་བདེ་འཇགས་སླད་ཕྱི་ཕྱོགས་ནས་གཞིས་མི་འབྱོར་བ་རྣམས་ལ་ལྟ་རྟོག་ཇི་ལྟར་བྱ་མིན་གྱིས་གཙོས་ནད་ཡམས་སྔོན་འགོག་སླད་ལས་དོན་སྤེལ་ཕྱོགས་སོགས་ཀྱི་ཐད་ཆུ་ཚོད་གསུམ་ལྷག་གྲོས་བསྡུར་གནང་མཐར། གྲོས་ཆོད་ཀྱི་ལམ་ནས་ཕྱི་ནས་གཞིས་ཆགས་ནང་ལ་འཛུལ་ཡོང་མཁན་ཆ་ཚང་ས་གནས་ནས་གོ་སྒྲིག་ཞུས་པའི་ཁང་པ་མིག་ཟུར་འཇོག་ཡོད་པའི་ནང་ཉུང་མཐར་ཉིན་གྲངས་ ༢༨ རིང་ངེས་པར་དུ་སྡོད་དགོས་པ་ལས་རང་ཁྱིམ་དུ་འགྲོ་མི་ཆོག་པ་བཟོས།
དེ་བཞིན་གཞིས་ཆགས་ཀྱི་རྒྱལ་སྒོ་སྟོད་སྨད་གཉིས་སུ་སྒོ་སྲུང་བཞག་སྟེ་གཞིས་མི་རྣམས་ཀྱི་འགྲོ་བསྐྱོད་ཐོ་འགོད་དང་ཛ་དྲག་གྱི་སྨན་ཁང་སོགས་སུ་བསྐྱོད་མཁན་མ་གཏོགས་གཞིས་མི་གཅིག་ཀྱང་ཧོན་སུར་གྲོང་བརྡལ་བརྒལ་ནས་འགྲོ་མི་ཆོག་པ་བཟོས་ཏེ་འདི་ག་གཞིས་ཆགས་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་ལས་དོན་ཚགས་ཚུད་སྤེལ་མུས་ཡིན།
དེ་བཞིན་གྲོས་ཆོད་བྱུང་བ་ཁག་གཞིས་གྲོང་རེ་རེ་བཞིན་སོ་སོའི་སྤྱི་ཁང་ནང་མི་མང་བསྡུ་བསྐོང་གིས་ས་གནས་འགོ་འཛིན་དང་ས་གནས་ནད་ཡམས་སྔོན་འགོག་ཚོགས་ཆུང་གི་ཚོགས་མི་གཅིག་བཅས་མཉམ་ཕེབས་ཀྱིས་འགྲེལ་བརྗོད་གསལ་བསྒྲགས་ཞུས་པ་དང་ལྷན། ནད་ཡམས་སྔོན་འགོག་ཐད་གོ་རྟོགས་མི་དམན་པ་སྤེལ་ཐུབ་ཡོད། ད་ལྟའི་ཆར་གྲོས་ཆོད་བྱུང་བ་ཁག་ལག་བསྟར་བྱེད་བཞིན་ཡོད་པ་དང་། སྔོན་འགོག་ཆད་ཕྱི་མི་ཟུར་འཇོག་བྱ་ཡུལ་སྡོད་ཁང་དུ་སྦེང་ལོར་ནས་ཕེབས་པའི་གཞིས་མི་བཞི་ཟུར་བཀག་ཡོད་པ་དང་། ཁོང་ཚོར་ཉིན་མཚན་ལྟོས་མེད་གཟིགས་རྟོག་གནང་མུས་མ་ཟད། ཡན་ལག་སྨན་ཁང་ནས་ཉིན་ལྟར་མི་བཞི་པོའི་ལུས་པོའི་ཚ་བ་སོགས་བརྟག་དཔྱད་བྱེད་མུས་རེད།
ས་གནས་འགོ་འཛིན་ལས་ཁུངས་ནས་གཞིས་ཆགས་ནང་གི་དཔལ་འབྱོར་འཁོས་ཞན་གྲོང་པ་རེ་རེ་བཞིན་སྐོར་སྐྱོད་ཀྱིས་དངོས་ཡོད་གནས་སྟངས་རྟོག་ཞིབ་བགྱིས་པ་དང་། དོ་བདག་ནང་མི་སོ་སོར་རོགས་རམ་ཇི་དགོས་དྲིས་པར་ཁྱིམ་ཚང་ལྔ་ལ་ཟླ་བ་གཅིག་རིང་ཙམ་འདང་ངེས་ཀྱི་ཟ་འབྲུ་མཁོ་སྤྲོད་ཞུས་ཡོད་པ་དང༌། གཞིས་གྲོང་སོ་སོ་དང་སྤྱི་མི་བརྒྱ་དཔོན་སོགས་བརྒྱུད་ནས་གཞིས་མི་དཀའ་ངལ་འཕྲད་མཁན་ཡོད་ཚེ་ངེས་པར་དུ་ས་འགོ་ལས་ཁུངས་ནས་ཤེས་རྟོགས་བཅུག་དགོས་པའི་སྐུལ་མ་ཤུགས་ཆེ་གནང་མུས་ཡིན་འདུག
ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་རྣམས་ནས་རེས་གཟའ་ཉི་མ་དང་སྟབས་བསྟུན་ཁྱབ་ཁོངས་རྒས་གསོ་ཁང་གི་ཁང་པ་རེ་རེ་བཞིན་དུག་སེལ་གཙང་བཟོ་སྤུས་དག་ཞུ་ཐུབ་པ་བྱུང༌། གཞིས་ཆགས་ཁྱབ་ཁོངས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དང་དཔལ་ལྡན་རྫོང་དཀར་ཆོས་སྡེ་གྲྭ་ཚང་གཉིས་ནས་ཡུལ་མི་ཉམ་ཐག་རྣམས་ལ་ཟ་འབྲུ་བགོ་འགྲེམས་ཀྱིས་ལས་གཞི་ད་བར་ཐེངས་གཉིས་ཙམ་སྤེལ་ཟིན།
སེར་སྨད་སྤྱི་ཚོགས་ཞབས་ཞུའི་འཕྲོད་བསྟེན་སྨན་ཁང་བརྒྱུད་སེར་སྨད་དགེ་བཤེས་ལྷ་རམས་ཧ་ཤན་རིན་པོ་ཆེ་མཆོག་ནས་ཧིན་སྒོར་འབུམ་གཅིག་དང་ཕྱེད་ཀའི་ནད་ཡམས་སྔོན་འགོག་དང་ཉེན་སྲུང་ཡོ་ཆས་སོགས་ཀྱི་ཅ་དངོས་ཡན་ལག་འཕྲོད་བསྟེན་སྨན་ཁང་དུ་ཞལ་འདེབས་བྱུང༌།
ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྐང་འགན་དང་དབུས་འཕྲོད་བསྟེན་ལས་ཁུངས་དང་དཔལ་ལྡན་རྫོང་དཀར་ཆོས་སྡེ་གྲྭ་ཚང་གཉིས་ཀྱི་དཔལ་འབྱོར་མཐུན་རྐྱེན་འོག་ས་གནས་བུད་མེད་ཚེམ་བཟོ་ཁང་ནས་དྭང་བླངས་ཀྱིས་རས་ཀྱི་ཁ་རས་གྲངས་ཉིས་སྟོང་ལྷག་བཙེམས་ནས་ཁྱབ་ཁོངས་གཞིས་མི་ཡོངས་ལ་བགོ་འགྲེམས་ཐུབ་པ་བྱུང་ཡོད་པ་བཅས་ཀྱི་ལས་བསྡོམས་སྙིང་བསྡུས་སུ། །