ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །རྡ་སའི་ཉེ་འགྲམ་དུ་འགོག་དབྱེ་ཟུར་འཇོག་ཁང་ཞིག་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་འགྱུར་བསྐྲུན་ཡོད་པ་དེར་ད་ལྟ་བྷ་རོ་ཌ་མཐོ་སློབ་ཀྱི་སློབ་མ་གྲངས་ ༡༥ དང་། སེ་ལ་ཁུའི་སློབ་ཕྲུག་གྲངས་གསུམ། ཝཱ་ཎ་བོད་ཀྱི་མཐོ་སློབ་ཁང་ནས་སློབ་མ་གྲངས་ ༧ བཅས་ཁྱོན་མི་གྲངས་ ༢༥ བཞུགས་ཡོད། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༥ རེས་གཟའ་ཟླ་བའི་ཉིན་བོད་མའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་ས་གནས་དེར་ཕེབས་ནས་སློབ་ཕྲུག་ཚོ་དང་ཐུག་འཕྲད་གནང་འདུག
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་རྒྱ་གར་ནང་ཐེམ་སྤང་བཀའ་རྒྱ་བསྡམས་ཡོད། དེར་བརྟེན་རྒྱ་གར་མཐོ་སློབ་ཁག་ནས་ཕེབས་པའི་བོད་པའི་སློབ་ཕྲུག་རྣམས་ལ་ཤེས་རབ་དགའ་ཚལ་སློབ་གླིང་དུ་འགོག་དབྱེ་ཟུར་འཇོག་ཁང་གྲ་སྒྲིག་ཟིན་ཡང་། སློབ་གྲྭ་ཁག་ནས་ཕེབས་པའི་སློབ་ཕྲུག་རྣམས་ལ་རྡ་ཤོད་བོད་ཁྱིམ་དུ་འགོག་དབྱེ་ཟུར་འཇོག་ཆེད་མཐུན་རྐྱེན་སྦྱར་འཆར་ཡོད་སྐོར་སོགས་འགྲེལ་བརྗོད་དང་སྦྲགས། བོད་མི་སུ་འདྲ་ཞིག་རྒྱ་གར་གྱི་ས་གནས་གང་དུ་བཞུགས་ཡོད་ཀྱང་ད་ལྟའི་ཛ་དྲག་གི་དུས་སྐབས་ལ་བསམས་ནས་གནས་དེ་རང་དུ་བཞུགས་དགོས་པ་ལས་འགྲིམ་འགྲུལ་རིགས་མ་གནང་བའི་འབོད་སྐུལ་གནང་། གལ་ཏེ་མཐོ་སློབ་ཁག་གི་སློབ་ཕྲུག་རྣམས་ངེས་པར་དུ་ཕེབས་དགོས་ཚེ། དང་ཐོག་རང་གི་ཕ་མའི་བཀའ་འཁྲོལ་དགོས་པ་དང་། དེ་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་རྒྱབ་གཉེར་དང་མཐུན་འགྱུར་ཇི་དགོས་གནང་རྒྱུ་ཡིན་སྐོར་གསུངས།
གཞན་ཡང་ད་ཆ་རྒྱ་བལ་ས་མཚམས་སྒོ་བརྒྱབ་ཡོད་སྟབས་བལ་ཡུལ་བོད་མི་རྣམས་དེར་བསྐྱོད་ཐབས་བྲལ་བ་དང་། ཏོག་དབྱིབས་གཉན་རིམས་ད་ལྟའི་ཆར་སྔོན་འགོག་བྱ་རྒྱུ་ལས་ཐབས་གཞན་མེད་སྟབས་འགོ་ཉེན་ཆེ་བའི་ནད་གཞི་དེར་ཚང་མས་ཡིད་གཟབ་དགོས་པ་དང་། ལྷག་པར་ཐེམ་སྤང་བཀའ་རྒྱ་བསྡམས་པ་སོགས་གཉན་རིམས་འདིའི་རྗེས་འབྲས་ཀྱི་གནས་སྟངས་དཀའ་ངལ་ཅན་རྣམས་ལ་གདོང་ལེན་ཆེད་གཙོ་བོ་སེམས་པ་ལྷོད་ལྷོད་བྱེད་དགོས་པ་དང་། འགོག་དབྱེ་ཟུར་བཞུགས་སྐབས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་ཕན་ཚུན་ཤེས་ཡོན་བརྗེ་ལེན་བྱེད་དགོས་སྐོར་སོགས་གསུངས།
དེ་ནས་ཤེས་རིག་བཀའ་བློན་མཆོག་གིས། རྒྱུན་ལྡན་ལྟར་འཛིན་གྲྭ་མེད་སྟབས་དྲ་ཐོག་བརྒྱུད་སློབ་སྦྱོང་ཡར་རྒཡས་གཏོང་དགོས་སྐོར་དང་། ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་ཙམ་མ་ཟད། གཞན་དྲ་གནས་ཁག་གཅིག་ངོ་སྤྲོད་དང་། ཟུར་བཞུགས་ཀྱི་དུས་ཡུན་སྐབས་རང་མི་རིགས་ཀྱི་སྐད་ཡིག་ཡར་རྒྱས་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཤེས་རིག་བཀའ་བློན་རྣམ་གཉིས་དབུས་སྣེ་ལེན་འགོག་དབྱེ་ཟུར་འཇོག་ཁང་དུ་གཟིགས་ཞིབ་གནང་།
སྐབས་དེར་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གཙོས་འགོག་དབྱེ་ཟུར་འཇོག་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཀུན་བཟང་ལགས། དེ་བཞིན་རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་བཅས་ལྷན་བཅར་ཞུས་ཡོད་པ་བཅས། །