ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་སྒོ་རྒྱ་བསྡམས་པའི་དུས་སྐབས་འདིར་སློབ་ཕྲུག་རྣམས་རང་ཁྱིམ་ནས་སློབ་སྦྱོང་མུ་མཐུད་ཐུབ་ཐབས་བཟོ་རྒྱུ་ནི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་གལ་ཆེའི་ནང་གི་གཅིག་ཡིན་ལ། ཟླ་བ་སྔོན་མའི་འགོ་སྟོད་ནས་བཟུང་ཤེས་རིག་ལས་ཁུངས་ཀྱིས་རང་ཁྱིམ་ནས་སློབ་སྦྱོང་ཐུབ་ཐབས་སུ་རོགས་འདེགས་སླད་རྒྱ་གར་ནང་གི་བོད་པའི་སློབ་སྡེ་ཁག་གསུམ་གྱི་དགེ་རྒན་ཉམས་མྱོང་ཅན་རྣམས་ཀྱི་མཐུན་འགྱུར་འོག་དྲ་ཐོག་སློབ་སྦྱོང་གི་ལས་རིམ་སྣ་མང་འགོ་འཛུགས་ཞུས་ཤིང་། གཟའ་འཁོར་འདིར་ཡང་ཤེས་རིག་ལས་ཁུངས་ཀྱིས་གཞི་རིམ་འོག་མའི་སློབ་ཕྲུག་ཕ་མ་རྣམས་ཀྱི་ཆེད་དུ་བོད་ཀྱི་དྲ་བརྙན་རྒྱང་སྲིང་ལས་རིམ་བརྒྱུད་བརྙན་འཕྲིན་སློབ་ཚན་ཁག་བཞི་འགོ་འཛུགས་ཞུ་རྒྱུ་ཡིན།
སྔོན་འགྲོའི་སློབ་ཕྲུག་དང་གཞི་རིམ་འོག་མའི་སློབ་ཕྲུག་ཕ་མ་རྣམས་ཀྱི་ཆེད་དུ་བརྙན་འཕྲིན་སློབ་ཚན་བཟོ་འགོད་ཀྱི་དམིགས་ཡུལ་གཙོ་བོ་ནི། ད་ལྟའི་དཀའ་ངལ་ཅན་གྱི་དུས་སྐབས་འདིར་ཕ་མ་རྣམས་ཀྱིས་སོ་སོའི་ཕྲུ་གུའི་ཤེས་ཡོན་ཐོག་འགན་འཁུར་ཆེ་བཞེས་དགོས་པར་སོང་། ཕྲུ་གུའི་རང་ཁྱིམ་སློབ་སྦྱོང་སྐབས་ཕ་མས་རྒྱབ་སྐྱོར་དང་ལམ་སྟོན་གནང་ཕྱོགས་སྐོར་ཁ་ཡོད་ལག་ཡོད་ཀྱི་ཐབས་ཇུས་མཁོ་སྤྲོད་བྱ་རྒྱུ་དེ་ཡིན། བརྙན་དུམ་འདི་དག་ནང་ང་ཚོས་ཕ་མ་རྣམས་ཀྱིས་སོ་སོའི་ནང་གི་ཁོར་ཡུག་ནང་ཡོད་པའི་ཅ་དངོས་བེད་སྤྱོད་ཀྱིས་སོ་སོའི་ཕྲུ་གུའི་ཨང་རྩིས་དང་། བོད་ཡིག ཨིན་ཇི་བཅས་ཀྱི་སློབ་སྦྱོང་ལ་རོགས་འདེགས་དང་། དེ་བཞིན་རང་ཁྱིམ་ནས་ཤེས་ཡོན་ཐོག་རོགས་སྐྱོར་ཇི་ལྟར་ཡར་རྒྱས་གཏོང་དགོས་པ་བཅས་ཀྱི་གནད་དོན་ཐོག་མན་ངག་དང་ལམ་སྟོན་གང་ཐུབ་ཞུས་ཁུལ་ཡིན།
བྱིས་པ་རེ་རེར་རོགས་སྐྱོར་དགོས་མཁོའི་ཚད་གཞི་ནི་བྱིས་པ་སོ་སོའི་ལོ་ཚད་ལ་གཞིགས་ཏེ་ཁྱད་པར་འགྲོ་ངེས་དང་། ཕ་མས་སོ་སོའི་ཕྲུ་གུར་རོགས་སྐྱོར་བྱེད་པར་མེད་དུ་མི་རུང་བའི་ལས་འགན་དང་པོ་ནི་ཉིན་ལྟར་ཕྲུ་གུར་བྱེད་སྒོ་འདྲ་མིན་བཀོད་སྒྲིག་དང་སློབ་སྦྱོང་གི་གོམས་གཤིས་བསྐྲུན་ཏེ་སྦྱོང་རྒྱུར་གྲ་སྒྲིག་ཡོང་བ་ཞིག་བཟོ་རྒྱུ་དེ་ཡིན། ཕྲུ་གུར་དུས་ཚོད་འོས་འཚམས་སུ་རོགས་སྐྱོར་ངེས་ཅན་སྦྱོར་སྤྲོད་དང་། སློབ་གཉེར་སྐབས་ཉེན་ཁ་དང་ལེན་གྱི་བློ་སྟོབས་སྤེལ་རྒྱུ། འགན་འཁྲི་སེམས་འཆང་བྱ་རྒྱུ། ལས་དོན་གང་ལའང་བདག་དབང་གི་བསམ་བློ་སྐྱེད་རྒྱུ་སོགས་ནི་རང་མགོ་ཐོན་པའི་སློབ་སྦྱོང་བྱེད་ཐབས་ཀྱི་སྒྱུ་རྩལ་སྐྱེད་སྲིང་བྱ་རྒྱུའི་ཐབས་ཤེས་ཤིག་ཡིན། དེས་ན་ཕ་མ་རྣམས་ཀྱིས་སོ་སོའི་ཕྲུ་གུའི་རྒྱུད་ལ་རང་མགོ་ཐོན་པའི་སློབ་སྦྱོང་བྱེད་ཐབས་ཀྱི་སྒྱུ་རྩལ་འདི་དག་ཡར་རྒྱས་གཏོང་ཐུབ་ན། དེས་སོ་སོའི་ཕྲུ་གུ་དུས་རྟག་ཏུ་སློབ་སྦྱོང་ལ་སྙེག་ཅིང་། མི་ཚེ་ཧྲིལ་པོར་སློབ་ལ་བརྩོན་མཁན་ཞིག་ཏུ་འགྱུར་རྒྱུ་ཡིན་པས་ཕ་མ་རྣམས་ནས་ཅི་ནས་ཀྱང་དོ་འཁུར་གནང་རོགས་ཞུ་རྒྱུ་ཡིན།
བརྙན་འཕྲིན་འདི་དག་གཤམ་གསལ་དྲྭ་རྒྱ་ཁག་ནས་ཕབ་ལེན་དང་གསན་གཟིགས་གནང་ཐུབ།
༡ བོད་ཀྱི་བརྙན་འཕྲིན་གྱི་ངོ་དེབ།: https://www.facebook.com/CTATIBETTV
༢ བོད་ཀྱི་བརྙན་འཕྲིན་གྱི་ཡུ་ཊུབ།: https://www.youtube.com/user/ctaonlinetv
༣ ཤེས་རིག་ལས་ཁུངས་ཀྱི་ངོ་དེབ།: https://www.facebook.com/doe.lobyon
༤ ཤེས་རིག་ལས་ཁུངས་ཀྱི་ཡུ་ཊུབ།: https://www.youtube.com/user/sherigCTA