ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༠ རེས་གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ཚའི་ཨིང་ཝིན་ Tsai Ing-wen མཆོག་གིས། ཡུལ་དེའི་སྲིད་འཛིན་ལས་ཡུན་གཉིས་པའི་དམ་འབུལ་བཞེས་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་ཞུ་དོན། ཕྱི་ཟླ་ ༡ ནང་ཐེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་སྐུ་ཉིད་མཆོག་ལ་སླར་ཡང་ཚད་མཐོའི་མང་མོས་ཀྱི་རྒྱལ་ཁ་ཐོབ་རྗེས། སྲིད་འཛིན་གྱི་དམ་འབུལ་ཐེངས་གཉིས་པའི་སྐབས་འདིར་ངས་འཚམས་འདྲི་ཞུ་རྒྱུ་དང་།
སྐུ་ཉིད་ཀྱི་འཇོན་ཐང་དང་དབུ་ཁྲིད་ལམ་སྟོན་འོག ཐེ་ཝན་མི་མང་གིས་དཔའ་མཛངས་སྙིང་སྟོབས་ལྡན་པའི་ཐོག་ནས་མང་གཙོའི་རིང་ལུགས་སྲུང་སྐྱོབ་གནང་བ་དེས་རྒྱལ་ཁབ་མང་པོར་སེམས་འགུལ་ཧ་ཅང་ཐེབས་ཡོད། ཕྱི་ལོ་ ༢༠༡༦ བར་ཐེ་ཝན་དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཆགས་ཚོགས་མིའི་གྲས་སུ་ཡོད། ཐེངས་འདིར་ཐེ་ཝན་གཞུང་གིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་གཞི་སོགས་ཧ་ཅང་ཚགས་ཚུད་སྤེལ་ཡོད། ད་ཆ་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚོགས་མིའི་ཁོངས་སུ་ཐེ་ཝན་བཅུག་འོས་པ་ཞིག་ཐེངས་འདིར་གསལ་འདོན་བྱས་པ་རེད།
བོད་མི་ཚོར་ཡང་ཐེ་ཝན་མི་མང་དང་འདྲ་བར་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་བྱས་ནས་རང་དབང་དོན་དུ་འཐབ་རྩོད་བྱས་པའི་ཉམས་མྱོང་ཡོད། ཐེ་ཝན་མི་མང་ཁྲོད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་ཧ་ཅང་མང་པོ་ཡོད། སྐུ་ཉིད་ཀྱི་སྲིད་འཛིན་ལས་ཡུན་རིང་ཐེ་ཝན་མི་མང་དང་བོད་མིའི་དབར་མཛའ་འབྲེལ་སྔར་བས་དམ་ཟབ་ཡོང་རྒྱུར་ངས་རེ་བ་ཞུ་བཞིན་ཡོད། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ངས་སླར་ཡང་སྐུ་ཉིད་ཀྱི་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་མདུན་ཞུ་རྒྱུ་ཡིན། ཞེས་འཁོད་པ་བཅས།།