༢༠༢༠ ཟླ་ ༥ ཚེས་ ༡ རེས་གཟའ་པ་སངས།
༄༅། །རྒྱལ་སྤྱིའི་ཁྲིམས་ཀྱི་སློབ་སྟོན་པ་དང་རྩོད་རྙོག་འདུམ་འགྲིག་གི་ལས་དོན་ཐོག་ཆེད་ལས་མི་སྣ་ཡུ་རོབ་རྒྱལ་ཁབ་ཌ་ཆི་ Dutch མི་རིགས་ཡིན་པ་སྐུ་ཞབས་ Michael Van Walt མཆོག་ལ་ཡུལ་དེའི་ Order of Orange-Nassau ཞེས་དཔའ་མཛངས་མི་སེར་གྱི་ཆེ་བསྟོད་གཟེངས་རྟགས་ཕུལ་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དགའ་བསུའི་འཚམས་འདྲི་གནང་དོན།
ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་ཐེངས་འདིར་སྐུ་ཞབས་ Michael Van Walt མཆོག་ལ་ཌ་ཆི་ Dutch ཡུལ་གྱི་ Order of Orange-Nassau ཞེས་དཔའ་མཛངས་མི་སེར་གྱི་ཆེ་བསྟོད་གཟེངས་རྟགས་ཕུལ་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། ཁོང་ལ་གཟེངས་རྟགས་དེ་ལྟར་ཕུལ་བ་དེ་ནི་ཁོང་གིས་སྐུ་ཚེ་ཧྲིལ་པོའི་རིང་ཁེ་མེད་ཚོགས་པ་ Kreddha ཞེས་པ་བརྒྱུད། འཛམ་གླིང་ཁྱོན་དུ་རྩོད་རྙོག་རྣམས་འཚེ་མེད་ཞི་བ་གྲོས་མོལ་བརྒྱུད་སེལ་ཏེ་ཡུན་གནས་ཐུབ་པའི་ཞི་བདེ་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་སྐྲུན་ཆེད་གཟེངས་སུ་ཐོན་པའི་བྱས་རྗེས་ལ་ངོས་འཛིན་ཐོབ་པ་ཞིག་ཡིན།
ཁོང་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིར་སེམས་ཐག་ཧ་ཅང་ཉེ་ཞིང་། བོད་མིའི་སྒྲིག་འཛུགས་ལ་མཚོན་ནའང་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་བབ་གཞིར་བཟུང་བོད་མིའི་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་པར་མཐུན་འགྱུར་རྒྱ་ཆེ་གནང་མྱོང་ཡོད། ང་རང་སྒེར་ལ་མཚོན་ནའང་ལོ་ངོ་བཅུ་ཕྲག་རིང་འགྲོགས་འདྲིས་ཡོད་པའི་གྲོགས་པོ་ཞིག་ཡིན། འཛམ་གླིང་ས་གནས་གང་འདྲ་ཞིག་ཏུ་བོད་དོན་ཚོགས་འདུ་སོགས་ཚུགས་སྐབས་དུས་རྟག་ཏུ་མཉམ་ཞུགས་གནང་མཁན་ཞིག་ཀྱང་རེད། ཅེས་གསུངས།
ཕྱི་ལོ་ ༡༩༨༧ ལོར་རྒྱལ་སྤྱིའི་ཁྲིམས་ལུགས་རིག་པའི་ཐོག་ནས་བོད་ཀྱི་གནས་བབ་ཁ་གསལ་འཁོད་པའི་དེབ་The Status Of Tibet: History, Rights, And Prospects In International Law དང་ཡིག་ཆ་སོགས་འདོན་སྤེལ་གནང་མྱོང་ཡོད།
ཁོང་ནི་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཀྱི་སློབ་སྟོན་པ་གནང་མྱོང་ཡོད་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་ཡར་རྒྱས་ལས་འཆར་ཚན་པའི་སློབ་སྟོན་པ་དང་། གཞན་ཡང་ཤར་ཊི་མོར་East Timorརྒྱལ་ཁབ་གསར་འཛུགས་སྐབས་བར་བརྒལ་སྲིད་གཞུང་གི་ཁྲིམས་ཀྱི་སློབ་སྟོན་པའང་གནང་མྱོང་ཡོད། ཕྱོགས་མཚུངས་བྷོ་གན་ཝིལ་All-Bougainville Leaders Peace Talks ཞེས་པའི་རང་སྐྱོང་གི་གླིང་ཕྲན་ནང་རྩོད་རྙོག་འདུམ་འགྲིག་ཆེད་ཁྲིམས་ཀྱི་སློབ་སྟོན་པ་གནང་ཞིང་། དེ་བཞིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་དང་ཅེ་ཆེན་སྤྱི་མཐུན་རྒྱལ་ཁབ་Chechen Government དབར་རྩོད་རྙོག་འདུམ་འགྲིག་གི་ཁྲིམས་ཀྱི་སློབ་སྟོན་པ་དང་། འཇོར་ཇི་ཡ་Georgiaདང་ཨབ་ཀ་ཛི་ཡ་ Abkhazia གཞུང་དབར་རྩོད་རྙོག་འདུམ་འགྲིག་གི་ཁྲིམས་ཀྱི་སློབ་སྟོན་པ་སོགས་ཉམས་མྱོང་ཕུན་སུམ་ཚོགས་པའི་མཁས་དབང་ཞིག་ཡིན་འདུག
ཕྱི་ལོ་ ༡༩༧༠ ནང་བོད་དང་འབྲེལ་བ་ཐོག་མ་བྱུང་ཞིང་། ལྷག་པར་ཕྱི་ལོ་ ༡༩༨༤ ལོར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་མཐུན་འགྱུར་འོག་རྒྱ་ནག་དང་གྲོས་མོལ་གནང་ཐབས་སྐབས་ཁོང་གིས་མཐུན་འགྱུར་གནང་བ་ནས་བཟུང་ད་བར་རྒྱལ་སྤྱིའི་ཐོག་བོད་དོན་གོ་རྟོགས་སྤེལ་རྒྱུའི་ལས་དོན་ཐོག་རམ་འདེགས་རྒྱ་ཆེ་གནང་ཡོད།
དཔའ་མཛངས་མི་སེར་གྱི་ཆེ་བསྟོད་གཟེངས་རྟགས་Order of Orange-Nassau ཞེས་དེ་ནི་ཕྱི་ལོ་ ༡༨༩༢ ལོར་ཌ་ཆི་ Dutch ཡུལ་གྱི་རྒྱལ་མོ་ Queen regent Emma ཞུ་བ་ཁོང་ནས་གསར་གཏོད་གནང་བ་ཞིག་ཡིན་འདུག་པ་བཅས།།