ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཧོན་སུར་རྫོང་དཔོན་ལས་རོགས་དང་སྦེལ་ཀོབ་ས་གནས་སྐོར་སྲུང་འགོ་དཔོན་གཉིས་ནས་གློ་བུར་ཞལ་པར་འབྱོར་དོན་བཞིན་ཛ་དྲག་ཐོག་མེ་སོར་རྫོང་དཔོན་ Deputy commissioner and District Magistrate དང་། ཛི་ལ་པཎ་ཇི་ཡཏ་སྤྱི་ཁྱབ་འགན་འཛིན་ ZP CEO དེ་བཞིན་མེ་སོར་རྫོང་གི་སྐོར་སྲུང་སྡེ་དཔོན་ SP Mysore District བཅས་གཞིས་ཆགས་ནང་གི་ཏོག་དབྱིབས་གཉན་རིམས་སྔོན་འགོག་གནས་སྟངས་གཟིགས་ཞིབ་སླད་ཕེབས་པར་སྣེ་ལེན་གོ་སྒྲིག་ཞུས་ཐུབ་པ་བྱུང་ཡོད། དེ་བཞིན་ཁྱབ་ཁོངས་གཞིས་གྲོང་ལྔ་པ་དང་དྲུག་པ་གཉིས་ནས་ཁྱིམ་མཚེས་རྒྱ་གར་གྲོང་གསེབ་མཱན་དྷ་ཎ་ལིར་དུད་ཁྱིམ་ ༢༡༠ ལ་བཟའ་བཅའ་བགོས་སྤྲོད་ཞུས་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༨ ཉིན་ཁྱབ་ཁོངས་སྒྲིག་འཛུགས་དང་གྲོང་སྡེ་ཁག་གི་ལས་སྣེ་རྣམ་པ་ཆེད་འགུགས་ཐོག་དཔལ་ལྡན་བཀའ་ཤག་གི་ལམ་སྟོན་གཞིར་བཟུང་ཟླ་བ་གཅིག་ཡོངས་རྫོགས་སྒོ་རྒྱ་བསྡམས་ཏེ་བཞུགས་དགོས་པའི་གསལ་བསྒྲགས་འགྲེམས་སྤེལ་དང་དོན་ཚན་རེ་རེ་བཞིན་གསལ་བཤད་ཞུས་པ་དང་། དེ་ཉིན་དུག་སེལ་ལས་འགུལ་སྤེལ་ཆེད་མཁོ་སྒྲུབ་ཞུས་པའི་དུག་སེལ་འཐོར་བྱེད་ཀྱི་ཡོ་ཆས་ཁག་ཁྱབ་ཁོངས་དགོན་སྡེ་དང་བཅས་པར་ཕུལ། འཐོར་བྱེད་ཡོ་ཆས་གྲངས་ ༡༧ བགོ་འགྲེམས་ཞུས་ཐུབ་པ་བྱུང་ཡོད། ཕྱི་ཚེས་ ༩ ཉིན་ལྷོ་སྤྱི་ལས་ཁུངས་བརྒྱུད་སེར་བྱེས་ཏྲེ་ཧོར་ཁང་ཚན་གྱི་དགེ་བཤེས་ངག་དབང་འཕྲིན་ལས་ལགས་ནས་ཁྱབ་ཁོངས་ཉམ་ཐག་དང་དཀའ་ངལ་ཅན་ ༤༦ ལ་ཧིན་སྒོར་ ༥༠༠༠ རེ་དང་། སེ་ར་བྱེས་སྨད་གྲྭ་ཚང་གཉིས་ནས་མི་གྲངས་ ༥༡ ལ་ཧིན་སྒོར་ ༣༠༠༠ རེ་གསོལ་སྩལ་གནང་དོན་བཞིན་བགོ་འགྲེམས་ཞུས།
གཞིས་ཆགས་ནང་གི་ཡ་ཀར་མགྲོན་ཁང་དེ་བཞིན་འགོག་དབྱེ་ཟུར་འཇོག་ཏུ་གོ་སྒྲིག་ཞུས་ཡོད། ཕྱི་ཚེས་ ༡༥ ཉིན་ཐེག་མཆོག་རྣམ་གྲོལ་གླིང་ནས་ཁྱབ་ཁོངས་ཉམ་ཐག་དང་དཀའ་ངལ་ཅན་ཁྱིམ་ཚང་ ༥༩ ལ་བཟའ་འབྲུ་གནང་པ་བཞིན་གྲོང་སྡེ་སོ་སོའི་སྤྱི་མིའི་བརྒྱུད་འགྲེམས་སྤྲོད་ཞུས།
ཕྱི་ཚེས་ ༢༡ ཉིན་འཕྲོད་བསྟེན་ལས་ཁུངས་ཀྱི་ལམ་སྟོན་གཞིར་བཟུང་ཁྱབ་ཁོངས་སྒྲིག་འཛུགས་དང་གྲོང་སྡེ་ཁག་ལ་ཉིན་བརྒྱ་དུས་གཅིག་གི་དུག་སེལ་ལས་འགུལ་སྤེལ་ཐུབ་པ་བྱུང་ཡོད། ཕྱི་ཚེས་ ༢༣ ཉིན་རྣམ་གྲོལ་གླིང་གི་དགེ་འདུན་པ་རྣམས་ལ་ཁ་རས་གྲངས་ ༢༠༠༠ ཐམ་པ་བགོ་འགྲེམས་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༧ ནས་འགོ་འཛུགས་ཞུས་པའི་ཁ་རས་འཚེམ་རྒྱུའི་ལས་འཆར་མཇུག་སྒྲིལ་ཐུབ་པ་བྱུང་།
དེ་ཡང་ས་གནས་བུད་མེད་ཚོགས་པའི་འཚེམ་ཁང་ནས་འཚེམ་གླ་མེད་པའི་མཐུན་འགྱུར་འོག་ཁ་རས་ཁྱོན་ ༤༣༧༥ དང་། སེ་ར་བྱེས་སྨད་འཚེམ་ཁང་གཉིས་ནས་ ༥༩༠༠ བཅས་ཁྱོན་ཁ་རས་ ༡༠,༢༧༥ བཙེམས་ཏེ་ཁྱབ་ཁོངས་སེར་སྐྱ་མི་མང་ཡོངས་ལ་བགོ་འགྲེམས་ཞུས་ཡོད་བཅས། །