ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཁྱབ་ཁོངས་སྦན་ད་ར་ས་གནས་འགོ་འཛིན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་འགུལ་རྒྱ་ཆེ་སྤེལ་ཡོད། དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༥ ཕ་མའི་དུས་ཆེན་ཉིན་གྱི་མཛད་སྒོའི་སྐབས་གཞིས་གྲོང་གཉིས་ཀྱི་མང་ཚོགས་རྣམས་ལ་ཝུ་ཧན་ཏོག་དབྱིབས་གཉན་རིམས་སྔོན་འགོག་གནང་ཕྱོགས་གོ་རྟོགས་དང་། དེ་བཞིན་འགྲུལ་བཞུད་སྐབས་གཟབ་ནན་དགོས་པའི་ལམ་སྟོན་བཅས་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༧ ནས་རྒས་གསོ་ཁང་གི་ལས་བྱེད་ཕུད་གཞན་སུ་འདྲ་ཞིག་རྒས་གསོ་ཁང་ནང་འགྲོ་མི་ཆོག་པའི་གསལ་བསྒྲགས་སྤེལ་བ་གཞིར་བཟུང་ད་ལྟའང་ལག་བསྟར་ཞུ་བཞིན་ཡོད། ལས་ཁུངས་ཀྱི་ལས་དོན་བྱེད་བདེའི་སླད་གཞིས་གྲོང་སོ་སོར་ Whatsapp group བཟོས་ནས་གལ་ཆེའི་ཁག་གསལ་བསྒྲགས་ཁག་དེའི་བརྒྱུད་ནས་བྱེད་བཞིན་ཡོད།
རྒྱ་གར་དབུས་དང་མངའ་གཞུང་། ལྷག་པར་དུ་དཔལ་ལྡན་བཀའ་དྲུང་ཡིག་ཚང་དང་ནང་སྲིད་ལས་ཁུངས་བཅས་ནས་སྔ་རྗེས་འཛིན་སྐྱོང་ཕེབས་པ་ཁག་གི་དགོངས་དོན། ཕྱི་ལོ་ ༢༠༢༠ ཟླ ༣ ཚེས་ ༢༣ ནས་གཞིས་མི་རྣམས་རང་ཁྱིམ་དུ་བཞུགས་དགོས་པ་དང་དོན་མེད་ཕྱི་ལ་འགྲོ་རྒྱུ་མཚམས་འཇོག་དགོས་པའི་གསལ་བསྒྲགས་ནན་འདྲོངས་ཞུས་ཡོད། ནད་ཡམས་སྔོན་འགོག་གི་ཉེན་སྲུང་ཡོ་ཆས་ཁག་གསར་ཉོ་ཐུབ་པ་མ་ཟད། སྤྱི་མི་རྣམ་པའི་འགན་ཁུར་འོག་གཞིས་གྲོང་གཉིས་ནང་གི་འགྲོ་ལམ་དང་། ལས་ཁུངས། དགོན་པ། རྒས་ཁང་བཅས་ལ་དུག་སེལ་སྨན་ཆུའི་གཙང་བཟོ་ལས་འགུལ་སྤེལ་ཡོད། དེ་བཞིན་ཆོས་རིག་ལས་ཁུངས་ནས་རེས་གཟའ་ལྷག་པ་དང་ཚེས་ ༡༠ ནམ་ཡིན་ལ་རང་ཁྱིམ་དུ་བསང་གསོལ་གཏོང་དགོས་ཕེབས་དོན་ལྟར། གཞིས་མི་རྣམས་ནས་བསང་གསོལ་རྒྱ་གང་ཆེ་གཏོང་མུས་ཡོད། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས ༢༣ ཉིན་འདི་ཁུལ་རྒྱ་གར་གྲོང་གསེབ་ཁག་གི་ཡུལ་མི་དབུལ་ཕོངས་གྲངས་ ༤༠༠ ཙམ་ལ་བཟའ་བཅའ་བགོས་འགྲེམས་ཞུས་ཐུབ་པ་བྱུང་ཡོད།
གཞན་ཡང་དཔལ་ལྡན་བཀའ་དྲུང་ཡིག་ཚང་གི་འཛིན་སྐྱོང་བཀོད་ཁྱབ་ཕེབས་གསལ་བཞིན། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༩ ཉིན་ Arjuni Morgoan, SDM Smt. Shilpa Sonale ལགས་ཀྱི་བརྒྱུད་རྒྱ་གར་སྲིད་བློན་མཆོག་དང། ས་གནས་རྫོང་གི་ངལ་སེལ་ཐེབས་རྩ་བཅས་ཀྱི་ཆེད་ཧིན་སྒོར་ ༡༣༢, ༨༡༡ ཕུལ་ཐུབ་པ་བྱུང་ཡོད། ས་གནས་སུ་ཛ་དྲག་སྐབས་ཀྱི་རོགས་སྐྱོར་ལས་དོན་ཞུ་ཆེད་གཞིས་མི་གྲངས་ ༡༢ དྭང་བླངས་ངོ་བོའི་ཐོག་གྲ་སྒྲིག་ཨང་གསར་དང་། ས་གནས་འཕྲོད་བསྟེན་སྨན་ཁང་ནས་བདུན་རེའི་ནང་གཞིས་མི་ཚང་མར་ཚ་བ་བརྟག་དཔྱད་གནང་དང་གནང་མུས་ཡོད།
ས་གནས་འཕྲོད་བསྟེན་ཚོགས་ཆུང་ནས་ནད་ཡམས་འགོག་ཐབས་ཆེད་ད་བར་ཚོགས་འདུ་ཐེངས་ ༡༠ བསྐོངས་ཚོགས་ཀྱིས་སྐབས་འཕྲལ་སོ་སོར་གཞིས་ཆགས་ཀྱི་གནས་སྟངས་ལ་གཞིགས་པའི་གོ་བསྡུར་དང་ཐག་གཅོད་ཞུས་ནས་ལས་དོན་ཞུ་སྒོ་ཁག་ལག་བསྟར་ཞུ་བཞིན་ཡོད་པ་བཅས། །