༢༠༢༠ ཟླ་ ༥ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །དེང་སྐབས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདལ་ཤུགས་ཆེ་འགྲོ་དང་འགྲོ་མུས་ཀྱི་ཛ་དྲག་དུས་སྐབས་འདིར། རྒྱ་གར་ལ་མཚོན་ན་ནད་ཡམས་སྔོན་འགོག་ལ་དམིགས་ནས་ཕྱི་ཟླ་ ༣ ཚེས་ ༢༥ ནས་བཟུང་ད་བར་ཐེམ་སྤང་བཀའ་རྒྱ་བསྡམས་ཡོད་སྟབས། རྒྱ་གར་ཡུལ་མི་ཉམ་ཐག་སྤྱི་དང་ལྷག་པར་བོད་མི་ཉམ་ཐག་ཁག་གཅིག་ལ་གཏོང་ཕོད་ཅན་སྤྱི་སྒེར་གང་རུང་ནས་མ་སྐུལ་དང་བླངས་ཐོག་གང་ཐུབ་རོགས་རམ་གནང་ཐབས་དགོས་པ་བཀའ་ཤག་གི་ལམ་སྟོན་གནང་བ་ལྟར། རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་གཞིས་ཆགས་ཀྱི་ཁྱབ་ཁོངས་སུ་དཀའ་སེལ་རོགས་རམ་ཁག་གཅིག་སྤེལ་འདུག
དེ་ཡང་སྤྱི་ཟླ་ ༥ པའི་ཚེས་ ༡༡ རེའི་གཟའ་ཟླ་བའི་ཉིན་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་འགོའི་བཀའ་ཁྲོལ་དང་སྦྲགས། བོད་མི་མང་སྤྱི་འཐུས་རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་སྒེར་ངོས་ནས་གཞིས་སྒར་དེར་ཉམ་ཐག་ཨང་ཐོབ་ཅན་མི་གྲངས་ ༢༩ དང་གཞན་མི་རབས་རྒན་པ་སོགས་ཨང་ཐོབ་ ༢ པའི་སྡེ་ཚན་ཁོངས་མི་གྲངས་༢༤ བཅས་བསྡོམས་མི་གྲངས་ (༥༣ )ལ་འཚོ་སྣོན་དུ་མི་རེར་སྒོར་ ༢,༠༥༣ གྱི་རིན་འབབ་བསྡོམས་སྒོར། ༡༠༨,༨༠༩ ལྷག་གི་ཟས་རིགས་འཚོ་སྣོན་དུ་གནང་། སྐབས་དེར་དོན་ལྡན་གླིང་སྤྱི་ཁྱབ་བརྒྱ་དཔོན་གཙོས་བརྒྱ་དཔོན་ཁག་གཅིག་དང་དགོན་པའི་དགེ་བསྐོས་བཅས་མཉམ་ཕེབས་ཀྱིས་བགོ་འགྲེམ་རོགས་རམ་གནང་འདུག
སྐབས་དེར་ཁོང་གིས་གསལ་བཤད་གནང་དོན། སྤྱིར་ཨང་ཐོབ་ཅན་གྱི་རྒན་རབས་ཚོར་བོད་མིའི་སྒྲིག་འཛུགས་ནང་ཤེས་འཕྲོད་གསུམ་ནས་དུས་རྒྱུན་རོགས་རམ་གང་དགོས་གནང་དང་གནང་བཞིན་འདུག་པ་མ་ཟད། ཉེ་ཆར་ས་གནས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་ཀྱང་ཁོང་རྣམས་ལ་འཚོ་སྣོན་འཕར་མ་ཕུལ་འདུག འོན་ཀྱང་དཀའ་ངལ་གྱི་དུས་སྐབས་སུ་སྐྱབས་བཅོལ་བའི་སྤྱི་ཚོགས་འདི་ཉིད་སྐྱིད་སྡུག་མཉམ་མྱོང་ཡོད་པ་མཚོན་ཆེད་དུ་ཚང་མས་ཧ་རུབ་སྦ་རུབ་ཀྱིས་ཕྱི་ནང་གི་དཀའ་ངལ་མ་སེལ་བར་རོགས་ཕན་ཡོང་ཐབས་ལ་འབད་འབུངས་བྱེད་དགོས། ཞེས་གསུངས།
དེ་བཞིན་ཉེ་སྔོན་ཀོ་ལེ་གྷལ་གཞིས་ཆགས་ཀྱི་ནད་ཡམས་སྔོན་འགོག་དང་། ཛ་དྲག་ངལ་སེལ་ཚོགས་ཆུང་ལ་འདི་ག་གྲུབ་དབང་༸རྒྱལ་བ་རྫོགས་ཆེན་དགོན་པ་ནས་ཧིན་སྒོར་ཆིག་འབུམ་ ༡༠༠,༠༠༠ ཞལ་འདེབས་སུ་འབུལ་ཐུབ་པ་བྱུང་འདུག་པ་བཅས།།