༢༠༢༠ ཟླ་ ༥ ཚེས་ ༣༡ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྟ་གོན་ལེགས་པར་མཛད་ནས་ཕྱི་ཚེས་ ༣༠ རེས་གཟའ་སྤེན་པའི་ཉིན་བཀའ་དབང་དངོས་གཞི་བཀའ་དྲིན་བསྐྱངས་འདུག སྐབས་དེར་མགོན་པོ་མཆོག་གིས་བཀའ་སློབ་སྩལ་དོན། འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་ལྷ་རེད། སྤྱན་རས་གཟིགས་སྒོམ་བཟླས་བྱས་པ་ཡིན་ན་རང་བཞིན་གྱིས་སེམས་ནང་ཞི་བདེ་ཡོང་བ་རེད། སྔར་བླ་མ་དེ་འདྲས་གསུང་སྲོལ་ཡོད། ཡིད་དམ་གྱི་སྔགས་དེ་འདྲ་བགྲངས་པ་ཡིན་ན་ཞི་སོགས་ཀྱི་ལས་བསྒྲུབ་རྒྱུའི་ཀུན་སློང་སྐྱེ་བ་དང་། མ་ཎི་བསྒྲངས་ན་ཚེ་འདི་དང་ཕྱི་མ། སེམས་ཅན་ཐམས་ཅད་ཅེས་པའི་བསམ་བློ་ངང་གིས་སྐྱེ་བར་གསུང་པ་དེ་བདེན་པ་རེད། མ་ཎི་བསྒྲངས་ནས་གཡང་བསྒྲུབ་བྱེད་ཀྱི་ཡོད་ཟེར་བ་དང་མ་ཎི་བསྒྲངས་ནས་དབང་འདུས་བྱེད་ཀྱི་ཡོད་ཟེར་བ་དེ་འདྲ་མེད། དགེ་བཤེས་དེ་འདྲ་འུ་ཐུག་སྐབས་མ་ཎི་བགྲང་བཞིན་དུ་དབྱུག་པ་གཞུ་བ་དེ་འདྲ་ཡོང་སྲིད། (ཞལ་ཤོབ་མཛད། ) དེ་མ་གཏོགས་མ་ཎི་བསྒྲངས་ནས་ཞི་སོགས་ཀྱི་ལས་བསྒྲུབ་ཟེར་བ་ཡོང་ཤེས་ཐབས་མེད། དེར་བརྟེན་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིག་དྲུག་འདི་དངོས་གནས་བྱིན་རླབས་ཆེན་པོ་ཞིག་རེད། ཁ་སང་ཞུས་པ་ལྟར་བོད་གངས་ཅན་གྱི་ལྷག་པའི་ལྷ་སྐལ་ཆགས་ནས་དམིགས་བསལ་གྱི་འབྲེལ་བ་ཞིག་ཀྱང་ཡོད།
གསང་སྔགས་རྡོ་རྗེ་ཐེག་པའི་གསང་ཞེས་པ་དེ་དཔེར་ན་བཅོམ་ལྡན་འདས་ཀྱི་ཁོར་ལོ་གསུམ་གྱི་ཆོས་སྐོར་ལྟ་བུར་མཚོན་ན། སྤྱིར་འཁོར་ལོ་བར་པ་གདུལ་བྱ་དབང་པོ་རྣོ་བར་གསུང་པ་ལས་ཡོངས་གྲགས་བྱས་ནས་གསུང་པ་ཞིག་ཆགས་མེད། འཁོར་ལོ་དང་པོ་དེ་ཡོངས་གྲགས་བྱས་ནས་གསུང་ཡོད། འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཞེས་བློ་ཤིན་ཏུ་རྣོ་བ། སྟོང་ཉིད་ཀྱི་ལྟ་བར་མོས་པ་ཡོད་མཁན། སྟོང་ཉིད་ཀྱི་ལྟ་བ་གསུང་སྐབས་བློ་ངོར་མ་ཆུབ་པ་མེད་མཁན། དེ་ལྟ་བུའི་གདུལ་བྱར་འཁོར་ལོ་བར་པ་ཤེར་ཕྱིན་གྱི་མདོ་གསུང་ནས་ཡོངས་གྲགས་ལོ་རྒྱུས་ནང་ལ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་རེད། ཅེས་གསུང་མཁན་ཡོང་གི་ཡོད། དེར་བརྟེན་ཡོངས་གྲགས་བྱས་ནས་གསུང་པ་ཞིག་མ་རེད།
གསང་སྡགས་རྡོ་རྗེ་ཐེག་པའི་གསང་ཞེས་པ་འདི་གདུལ་བྱ་ལས་དག་དབང་པོ་རྣོ་བ་དེ་དག་གིས་བསམ་བློ་གཏོང་རྒྱུ་ཡོད་པ་དཔེར་ན། ལུས་ལྷ་སྐུར་སྒོམས་དགོས་བརྗོད་སྐབས་གནད་འགག་དེ་མ་ཤེས་ན་ད་ལྟའི་ངོས་ཀྱི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་ལ་བརྟེན་ནས་གྲུབ་པའི་ཕུང་པོ་འདི་ག་ལྷ་ཡིན་ཟེར་ན་ལོག་ཤེས་ཆགས་པ་རེད། ཁ་སང་ཞུས་པ་བཞིན་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བའི་ཐོག་ནས་ལྷའི་རྣལ་འབྱོར་སྒོམ་དགོས་པ་རེད། དེ་ལྟར་ཡོང་བར་བསོད་ནམས་ཀྱི་རྒྱབ་འཁྱོགས་པའི་དབང་རྣོན་དེ་འདྲ་ཞིག་གིས་བསམ་བློ་གཏོང་རྒྱུ་དང་བྱེད་ཐུབ་པ་ཡིན་སྟབས་གསང་ཞེས་བརྗོད། སྔགས་ཞེས་པ་ཡིད་སྐྱོབ་པའི་དོན་རེད།
ཡིད་གང་ལས་སྐྱོབ་ཅེ་ན། ཐ་མལ་པའི་སྣང་ཞེན་ལས་སྐྱོབ་པ་རེད། རྡོ་རྗེ་ཞེས་པས་ཐབས་ཤེས་དབྱེར་མི་ཕྱེ་བའི་དོན་རེད། དེ་ལྟ་བུའི་སྒོ་ནས་བགྲོད་པར་བྱེད་པའི་ལམ་ཡིན་སྟབས་གསང་སྔགས་རྡོ་རྗེ་ཐེག་པ་ཞེས་བརྗོད།
སྔ་མོ་རྒྱ་གར་དུ་ཡོངས་གྲགས་བསྟན་པ་སྤྱི་བཙན་གྱི་གཞུང་དེ་ག་རང་འཆད་གཉེར་གནང་ཡག་ཞིག་མ་གཏོགས། སྔགས་ཀྱི་སྒོམ་བཟླས་བྱ་རྒྱུ་ལྟ་བུ་གང་ཟག་བྱེ་བྲག་པ་ཉུང་ཤས་ལ་བླ་མ་ཚད་ལྡན་ཞིག་གིས་ལྐོག་ཆོས་ལྟ་བུ་གནང་བ་མ་གཏོགས་རྒྱ་ཁྱབ་བྱས་ནས་གནང་སྲོལ་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་དངོས་གཞི་བཀའ་དྲིན་སྩལ།
བཀའ་དབང་ལེགས་པར་གྲུབ་རྗེས་ཐེངས་དིར་འཛམ་གླིང་གང་སར་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགྲོ་བཞིན་པའི་དུས་འདིར་མགོན་པོ་མཆོག་ལ་སྐུ་ངལ་གསོ་རྒྱུའི་གོ་སྐབས་ཧ་ཅང་ཡག་པོ་ཐོབ་ཡོད་སྐོར་ཞལ་ཤོབ་དང་སྦྲགས་བཀའ་སློབ་སྩལ།།
སྐུ་པར་གྱི་བདག་དབང་དགའ་ལྡན་ཕོ་བྲང་ལ་ཡོད།