ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༠ རེས་གཟའ་ཉི་མ།
༄༅། །གནས་བརྟན་སྡེ་པའི་ལུགས་ལྟར་ན་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༧ དང་བོད་ཟླ་ ༣ ཚེས་ ༡༥ ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཀྱཱ་ཐུབ་པ་མཆོག་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་འཁེལ་ཡོད། དེར་བརྟེན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་བརྟན་སྡེ་པའི་རྗེས་འབྲང་པ་གཙོ་བོར་གྱུར་བའི་ནང་པའི་ཆོས་གྲོགས་ཕོ་མོ་ཡོངས་ལ་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། དེ་རིང་འཛམ་གླིང་ཁྱོན་དུ་ནང་པའི་ཆོས་གྲོགས་ཕོ་མོ་ཚོས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུ་བཞིན་པར་ངོས་ཀྱིས་དགའ་ཚོར་ཆེན་པོས་འཚམས་འདྲི་ཞུ་རྒྱུ་ཡིན།
དེ་ཡང་བདག་ཅག་གི་སྟོན་པ་ཤཀྱཱ་ཐུབ་པ་མཆོག་ལུམ་བི་ནིར་སྐུ་བལྟམས་པ་དང༌། རྡོ་རྗེ་གདན་དུ་མངོན་པར་རྫོགས་པ་སངས་རྒྱས་པ། རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་ནས་བགྲང་བྱ་ ༢༦༠༠ འཁོར་ཡང་། སངས་རྒྱས་ཀྱི་བསྟན་པ་འདི་ཉིད་དེང་གི་སྤྱི་ཚོགས་སུའང་མུ་མཐུད་ཕྱི་ནང་ཀུན་ལ་འབྲེལ་བ་ཡོད་པ་ཞིག་ཡིན། བརྩེ་བ་སྙིང་རྗེ་ཆེན་པོས་ཀུན་ནས་བླངས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། མཐར་མངོན་པར་རྫོགས་པ་སངས་རྒྱས་ནས་གང་ལ་གང་འདུལ་གྱི་ཆོས་སྟོན་པ་པོ་བདག་ཅག་གི་སྟོན་པ་འདི་ཉིད་ཀྱི་ཆོས་ཀྱི་སྙིང་པོ་ནི། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཡིན་སྟབས། ད་ལྟའི་འཛམ་གླིང་འདིའི་ནང་འཚེ་བ་སྤངས་ཤིང་གཞན་ཕན་བསྒྲུབ་རྒྱུར་ནུས་པ་ཁྱད་པར་ཅན་ཞིག་ཡོད། ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་སྡོད་བྱེད་དགོས་པའི་འཛམ་བུ་གླིང་འདིའི་ནང་རང་གི་བདེ་སྡུག་དེ་མི་གཞན་ལ་རག་ལས་ཡོད།
ལྷག་པར་ད་ལྟའི་གཉན་འཕྲང་ཆེ་བའི་ཛ་དྲག་གི་གནས་སྟངས་ལ་ང་ཚོས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་གདོང་ལེན་བྱེད་དགོས་པ་ཆགས་ཡོད། ཕྱི་ཚུལ་ཙམ་ལ་ང་ཚོའི་དབར་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་པར་སྣང་ཡང་། ང་ཚོ་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། ནང་ཆོས་ནང་བྱམས་པ་དང་སྙིང་རྗེ། བཟོད་བསྲན་བཅས་བསྒོམས་ནས་བློ་སྦྱོང་ཚུལ་དང་། དེ་ལྟར་བློ་སྦྱངས་ནས་ཉིན་རེའི་འཚོ་བའི་ཁྲོད་ལག་བསྟར་བྱེད་དགོས།
འཛམ་གླིང་ནང་དུ་ནང་པའི་ཚོགས་པ་སྒྲིག་འཛུགས་མང་པོ་ཡོད་ཀྱང་ད་བར་ཕན་ཚུན་གོ་རྟོགས་མེད་པར་སོ་སོར་གནས་ཡོད་སྟབས། མཐུན་པའི་ཆོས་མང་པོ་ཞིག་ཡོད་པ་དེ་དག་བརྗེ་ལེན་བྱ་རྒྱུའི་གོ་སྐབས་མ་བྱུང་། ད་ཆ་དོན་གཉེར་ཅན་གྱི་སྐྱེས་བུ་སུ་ཞིག་གིས་ཀྱང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གཞུང་རབ་འབྱམས་ལ་སློབ་གཉེར་བྱ་རྒྱུའི་གོ་སྐབས་ཡོད་པ་རེད། ལྷག་པར་གཞན་ལ་ནང་ཆོས་འཆད་ཅིང་རང་གིས་ཀྱང་ཉམས་ལེན་བྱེད་མཁན་ང་ཚོ་ཕན་ཚུན་དངོས་སུ་ཐུག་ནས་བློ་སྐྱེད་ལེན་རེས་ཀྱང་བྱས་ཐུབ་ཡོད།
ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ངོས་ནས་ནཱ་ལེནྡྲའི་རིག་གཞུང་རྒྱུད་འཛིན་པ་ཞིག་ཡིན་དྲན་གྱི་འདུག དེའི་ཚེ་དེའི་དུས་རྒྱ་གར་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་དུ་གཙོ་བོ་ཚད་མ་རིག་པ་གཞི་ལ་བཞག་སྟེ། གཏན་ཚིགས་བཀོད་ནས་ནང་ཆོས་སློབ་གཉེར་བྱེད་སྲོལ་ཡོད་སྟབས་ཕལ་ཆེར་ནང་ཆོས་སློབ་གཉེར་རྩེ་མོར་སོན་པའི་དུས་སྐབས་ཟེར་ཆོག ང་ཚོས་ཀྱང་དུས་རབས་ཉེར་གཅིག་པའི་ནང་པ་གཤའ་མ་ཞིག་བྱེད་དགོས་ན་དད་པ་ཙམ་གྱི་མི་ཆོག་པར་ནང་ཆོས་ལ་སློབ་གཉེར་བྱ་རྒྱུ་དེ་གནད་འགག་ཧ་ཅང་འདུག སྟོན་པ་བཅོམ་ལྡན་འདས་འཇིག་རྟེན་འདིར་བྱོན་པ་ནས་དུ་ད་བར་འཛམ་གླིང་ནང་འགྱུར་བ་ཧ་ཅང་ཕྱིན་ཡོད།
དེང་དུས་ཚན་རིག་ལ་མཚོན་ན་ཕྱི་དངོས་པོ་གཟུགས་ཅན་གྱི་རྣམ་གཞག་སྐོར་ལ་ཡར་རྒྱས་ཚད་མཐོན་པོར་སོན་ཡང་ནང་པའི་ཚན་རིག་ནས་བློའི་རྣམ་གཞག་དང་བྱེད་ལས། སེམས་མྱོང་སྐོར་ལ་དངོས་སུ་མྱོང་བས་བསྒྲུབས་ཡོད་པ་དེ་དག་ཧ་ཅང་ཚད་མཐོན་པོ་རེད། དེང་དུས་ཚན་རིག་ནང་པ་དང་བསྡུར་བ་ཡིན་ན་རྣམ་གཞག་དེ་དག་གསར་པ་ལྟ་བུ་རེད། དེར་བརྟེན་ཕན་ཚུན་ཡི་རང་བསྔགས་བརྗོད་ཞུ་དགོས་པའི་ཤེས་བྱ་སྣ་མང་ཡོད། ཕྱི་དངོས་པོ་གཟུགས་ཅན་གྱི་རྣམ་གཞག་དང་ནང་གི་ཤེས་པའི་རྣམ་གཞག་སྐོར་ཟུང་དུ་འབྲེལ་ཐུབ་པ་བྱུང་ན་མིའི་ལུས་སེམས་དང་། སེམས་མྱོང་གང་ཅིའི་ཐད་ཡར་རྒྱས་ཕུན་སུམ་ཚོགས་པ་ཡོང་རྒྱུ་རེད་བསམ་པ་དྲན་བཞིན་འདུག
ང་རང་ཚོ་ནང་པ་སངས་རྒྱས་པ་ཡིན་པའི་ཆ་ནས་ནང་ཆོས་ཉམས་ལེན་རྒྱུན་འཛིན་བྱ་རྒྱུར་འགན་ཡོད། འོན་ཀྱང་སྟོན་པའི་གསུང་ལ་མཚོན་ན་ནང་པ་ཙམ་མིན་པར་འགྲོ་བ་མི་རིགས་སྤྱི་ལའང་འབྲེལ་བ་ཧ་ཅང་ཡོད། ཆོས་ལུགས་ཚང་མས་མི་ལ་བདེ་སྐྱིད་དགོས་གལ་སྐོར་གསུང་པ་གཅིག་མཚུངས་ཡིན་སྟབས། དེར་གཞི་བཅོལ་ནས་ང་ཚོས་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་བྱེད་དགོས།
འཛམ་གླིང་ཁྱོན་དུ་དཀའ་ངལ་ཆེ་བའི་ཛ་དྲག་གི་དུས་སྐབས་འདིར་མིའི་འཕྲོད་བསྟེན་ཐོག་ཉེན་ཚབས་ཆེ་ལ། ནད་ཡམས་འདིའི་འོག་ནས་འདས་གྲོངས་སུ་གྱུར་བའི་གྲོགས་པོ་གྲོགས་མོ་དང་། ནང་མི་སྤུན་མཆེད་ཚོར་ང་ཚོས་སེམས་སྡུག་ཧ་ཅང་བྱེད་བཞིན་པའི་དུས་སྐབས་ཤིག་ཡིན་སྟབས། དཀའ་ངལ་དེ་དག་ལ་ང་ཚོས་འགྲོ་བ་མིའི་ཁྱིམ་ཚང་གཅིག་གི་འདུ་ཤེས་ཐོག་ཕན་ཚུན་བྱམས་བརྩེའི་བསམ་པ་ཀུན་ནས་བླངས་ཏེ་གཅིག་ཕན་གཅིག་གྲོགས་བྱས་པ་ཡིན་ན་སྔར་མ་གྲགས་པའི་དཀའ་ངལ་འདི་ལས་རྣམ་པར་རྒྱལ་ཐུབ། ཅེས་འཁོད་འདུག །
གསུང་འཕྲིན་ངོ་མ་ཨིན་ཡིག་ནས་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་གནང་རོགས།