ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༧ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༧ རེས་གཟའ་ཉི་མ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་ཉིན་གཉིས་པ་དབུ་འཛུགས་མ་མཛད་གོང་བཀའ་སློབ་སྩལ་དོན། དེ་རིང་ངོས་ཀྱི་གྲོགས་པོ་དང་ལྷག་པར་ཆོས་གྲོགས་ཚོར་སྔ་དྲོ་བདེ་ལེགས་ཞུ་རྒྱུ་ཡིན། ཁ་སང་ཞུས་པ་ནང་བཞིན་རེད། ང་ཚོ་ཚང་མས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད།
སྤྱིར་འཛམ་གླིང་འདིར་དུད་འགྲོ་ཡིན་ནའང་ཆགས་སྡང་གི་ཐོག་ནས་རྙོག་གྲ་ཡོང་གི་ཡོད། འོན་ཀྱང་ང་ཚོ་མིའི་རྣམ་དཔྱོད་འདིས་ཆགས་སྡང་ལ་ཞབས་འདེགས་བསྒྲུབས་ནས་མི་ཁྲི་ཕྲག་འབུམ་ཕྲག་གི་སྲོག་འགྲོ་རྒྱུ་དང་དཀའ་ངལ་འཕྲད་རྒྱུ་རིགས་བཟོ་བཞིན་ཡོད། རང་ཉིད་སེམས་འཁྲུག་པའི་དབང་གིས་ནང་ཁུལ་རྙོག་གྲ་ཡོང་བ་ཙམ་དུ་མ་ཟད། འཛམ་གླིང་འདིའི་སྟེང་སྲོག་ཆགས་གྲངས་ཀྱིས་མི་ལངས་པར་མིས་བརྡབ་གསིག་བཟོས་དང་བཟོ་བཞིན་འདུག དེར་བརྟེན་རིམ་པ་དང་པོ་དེར་མི་རང་ཉིད་ཀྱིས་ཁ་གཅིག་གྲག་བྱས་ནས་ཞི་བདེ་ཞེས་ཟེར་གྱི་ཡོད་པ་རེད། ཞི་བདེ་ངོ་མ་ཡོང་བར་གཙོ་བོ་མི་ལ་ཐུག་འདུག འཛམ་གླིང་འདིའི་སྟེང་སྔར་ལོ་རྒྱུས་ཐོག་འཁྲུག་པ་བརྒྱག་རྒྱུ་ལྟ་བུ་ཧ་ཅང་མང་པོ་ཡོང་གི་ཡོད།
དམག་ཆེན་གཉིས་པའི་བར་འཁྲུག་པ་ཧ་ཅང་བརྒྱུབ་ནས་ཡོང་བ་རེད། དུས་ད་ལྟ་ཡིན་ནའང་འཁྲུག་པ་རྒྱག་བཞིན་ཡོད་པ་འདི་དག་ང་ཚོ་དང་ཁོ་པ་ཚེ་ཞེས་པར་བརྟེན་ཡོང་བཞིན་ཡོད། ལོ་རྒྱུས་ནང་ཆ་བཞག་པ་ཡིན་ནའང་རྒྱལ་པོ་ཚོས་སོ་སོའི་མངའ་ཐང་སོགས་བསྐྱབ་རྒྱུའི་དོན་དུ་འཁྲུག་པ་བརྒྱག་རྒྱུ་ཞིག་ཡོང་བཞིན་འདུག དེར་བརྟེན་ངོས་ཀྱིས་སྐབས་རེ་དམག་འཁྲུག་ཟེར་རྒྱུ་འདི་ཞིང་བྲན་ལམ་ལུགས་དང་འབྲེལ་བ་འདུག ཅེས་འདི་ལྟར་ཤོད་ཀྱི་ཡོད། ཞིང་བྲན་ལམ་ལུགས་བྱས་ནས་མི་གཅིག་གིས་དབང་ཆ་ཡོངས་རྫོགས་བཟུང་། ཁོ་རང་གིས་སྡེ་ལྟ་བུ་བཟུང་བའི་ཐོག་ནས་ཡོང་གི་ཡོད།
དེང་སྐབས་ཀྱི་འཛམ་གླིང་འདི་བསམ་བློ་ཆེ་ས་ནས་གཏོང་ཡོང་སྐབས་མི་སྤྱི་ལ་བསམ་བློ་གཏོང་རྒྱུ་དང་། རྩ་བའི་འཛམ་གླིང་འདིའི་སྟེང་འགྱུར་བ་ཧ་ཅང་བྱུང་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་རྒྱལ་ཁབ་སོ་སོའི་སྐད་ཆ་མིན་པར་འཛམ་གླིང་སྤྱིའི་རྒྱལ་ཚོགས་ཤིག་བཙུགས་ཡོད། དེ་བཞིན་ཡུ་རོབ་ལ་ཆ་བཞག་ན་འཁྲུག་པ་མང་ཤོས་བརྒྱབ་ཡོད། ཡོ་རུབ་སྤྱི་མཐུན་གྱི་ཚོགས་པ་བཙུགས་པའི་རྐྱེན་གྱིས་ཞི་བདེ་ཡོང་བར་ཧ་ཅང་ཕན་ཐོགས་བྱུང་ཡོད། ངོས་ཀྱིས་རྟག་པར་ཤོད་བཞིན་ཡོད། ཡུ་རོབ་མཉམ་འབྲེལ་ལ་ཆ་བཞག་ན། གལ་ཏེ་ཡུ་རོབ་མཉམ་འབྲེལ་བཙུགས་མེད་ན། འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་ཏན་ཏན་འཁྲུག་པ་བརྒྱབ་ཡོད་སྲིད།
ཡུ་རོབ་མཉམ་འབྲེལ་བཙུགས་བར་བརྟེན་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་མི་ཡིན་པའི་རྒྱལ་ཁབ་ཁག་དེ་དག་འཁྲུག་པ་བརྒྱབ་ནས་མི་གསོད་རེས་རྩ་བ་ནས་བྱས་མེད། དེར་བརྟེན་འདི་དཔེ་མཚོན་རྒྱུ་ཞིག་རེད་འདུག དེ་བཞིན་རྒྱ་གར་ལ་དཔེ་བལྟས་པ་ཡིན་ནའང། རྒྱ་གར་ལ་རྒྱལ་ཕྲན་ཧ་ཅང་མང་པོ་འདུག འོན་ཀྱང་རྒྱ་གར་སྤྱི་མཐུན་གྱི་རྒྱལ་ཁབ་བཙུགས་ནས་རྒྱལ་ཕྲན་དེ་དག་ཆུང་ཆུང་བཞག་པ་མ་གཏོགས་སྤྱི་ལ་ཇུས་གཏོགས་གང་ཡང་མེད་པར་དེ་ལྟར་འགྲོ་བཞིན་འདུག མཉམ་འབྲེལ་སྤྱི་མཐུན་བྱ་རྒྱུ་འདི་ཧ་ཅང་ཁྱད་པར་འདུག ད་ལྟ་ཆ་བཞག་ན་འཛམ་གླིང་རྒྱལ་ཚོགས་ཀྱིས་འཛམ་གླིང་འདིའི་སྟེང་མིར་དཀའ་ངལ་འཕྲད་བཞིན་པ་བཙན་བྱོལ་བ་ལྟ་བུར་གང་ཐུབ་ཕན་ཐོགས་དང་དོ་སྣང་བྱེད་བཞིན་འདུག ཧ་ཅང་རྩ་ཆེན་པོ་རེད་འདུག འདི་དཔེ་མཚོན་རེད། ང་ཚོས་སྤྱི་ལ་བསམ་བློ་གཏོང་དགོས།
ཁ་སང་ཞུས་པ་ནང་བཞིན་རེད། འཛམ་གླིང་འདིའི་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་གླིང་གཅིག་གི་སྟེང་གནས་ཡོད། ང་ཚོ་ཚང་མ་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་བྱེད་དགོས་པ་ཞིག་ཆགས་འདུག དེར་བརྟེན་མི་གཅིག་གྱུར་གྱི་འདུ་ཤེས་བཞག་ནས་མི་ཀུན་ལ་ཕན་པ་དང་བདེ་བ་ཡོང་རྒྱུ། ང་དང་ཁྱོད། ང་ཚོ་དང་ཁྱོད་ཚོ་ཟེར་རྒྱུའི་དུས་ཚོད་རྫོགས་པའི་སྐད་ཆ་རེད། ཁྱིམ་ཚང་གཅིག་ལ་ཆ་བཞག་ནའང་ཇི་ཙམ་འཆམ་པ་དང་མཐུན་པ་བྱུང་ན་ཕན་གྱི་འདུག དཔེར་ན་ཁྱིམ་ཚང་ཞིག་ལ་ཇི་ཙམ་རོགས་པ་དང་བློ་འཁེལ་བའི་གྲོགས་པོ་མང་བ་ཡོད་ན་སེམས་ནང་རང་བཞིན་གྱི་དཀའ་ངལ་འཕྲད་ན་ལབ་ས་ཡོད་སྙམ་པ་ཞིག་ཡོང་བཞིན་ཡོད།
དེར་བརྟེན་མི་གཅིག་གྱུར་ཡིན་པའི་འདུ་ཤེས་འཁྱེར་ནས་སྤྱི་སེམས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་ནས་ཆོས་བརྒྱུད་ཁག་ལ་ཆ་བཞག་ནའང་མིའི་ཆོས་ལུགས་ཆགས་ཡོད། མིའི་བྱམས་བརྩེ་གོང་མཐོར་སྤེལ་བཞིན་ཡོད་སྟབས་མི་ལ་ཕན་གྱི་ཡོད་པ་རེད། ལྟ་གྲུབ་འདྲ་མིན་ནི་ཟས་ནང་བཞིན་རེད། ཟས་རིགས་སྣ་ཚོགས་ཡོད་ཚེ་བྲོ་བ་མི་འདྲ་བ་ལ་དགའ་མོས་བྱས་ཏེ་ཡོང་གི་རེད། དེ་ནང་བཞིན་ཆོས་ཕྱོགས་ཀྱི་ཐོག་ནས་ལྟ་གྲུབ་འདྲ་མིན་ཡོད་ན་མི་མང་པོར་དོ་སྣང་སླེབས་པ་དང་། རྣམ་དཔྱོད་སླེབས་པར་ཕན་གྱི་རེད། གཅིག་རྐྱང་པ་སྐོར་བ་བརྒྱབ་ནས་བསྡད་ཚེ་གང་འཚམ་ཞིག་ནས་གྲི་རྣོ་མེད་པ་ལྟ་བུ་ཡོང་རྒྱུ་རེད། དེར་བརྟེན་ཆོས་བརྒྱུད་མང་པོ་ཡོད་པ་དེས་མི་ལ་ཕན་གྱི་འདུག་བསམ་གྱི་འདུག
གལ་ཆེ་ཤོས་ནི་ཆོས་བརྒྱུད་ཚང་མའི་བསླབ་བྱ་གཅིག་གྱུར་ཡིན་པ་དེ་ལ་ང་ཚོས་བསམ་བློ་གཏོང་དགོས་པ་རེད། ལོ་རྒྱུས་ཀྱི་ནང་དུ་ཆོས་ལུགས་ཕན་ཚུན་འཁྲུག་པ་རྒྱག་པ་དང་གསོད་རེས་བཏང་བ་ཡོང་གི་ཡོད་པ་རེད། འོན་ཀྱང་དེ་ཚོ་གཙོ་བོ་ཆབ་སྲིད་དང་འབྲེལ་ནས་ཡོང་གི་ཡོད་པ་རེད། ཆོས་བརྒྱུད་དེ་ལ་འབྲེལ་བ་ཡོད་པའི་རྒྱལ་པོ་ཚོས་བེད་སྤྱོད་བཏང་བ་ལྟ་བུ་འདུག ད་ལྟ་ང་ཚོ་དུས་རབས་གསར་པ་ཞིག་གི་ནང་དུ་སླེབས་ཡོད་པས་མི་གཅིག་གྱུར་གྱི་འདུ་ཤེས་མ་རྩར་བཞག་པའི་ཐོག་ནས་ཆོས་ལུགས་ཚང་མའང་མིའི་ཆོས་ལུགས་དང་མི་ལ་ཕན་གྱི་ཡོད་པས་ཆོས་ལུགས་མཐུན་འབྲེལ་བྱེད་དགོས་པ་ཁ་སང་ཞུས་པ་ལྟར་ཡིན། ཞེས་སོགས་དང་།
མཐར་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་བཀའ་སློབ་སྩལ་དོན། དེ་རིང་ཞུ་རྒྱུ་ཞིག་ལ་ནད་ཡམས་འདིས་འཛམ་གླིང་གང་སར་ཛ་དྲག་ལྟ་བུ་ཆགས་འདུག ད་བར་དེ་དག་གི་ཐོག་ལ་ཚན་རིག་མཁས་དབང་དང་། ལྷག་པར་ཁ་ཡོད་ལག་ཡོད་ཀྱི་ནད་པར་ལྟ་རྟོག་གནང་མཁན་སྨན་པ་ཁག་དང་། སྨན་ཞབས་པ་དེ་ཚོའི་གྲས་ཁ་ཤས་སོ་སོའི་སྲོག་ཕྱིན་པ་དེ་འདྲ་ཡང་བྱུང་བ་རེད། འཛམ་གླིང་འདིའི་སྟེང་ནད་ཡམས་སླེབས་པ་འདིར་ཚང་མས་ཁུར་ལེན་གྱི་ཡོད་པ་རེད། ལྷར་པར་སྨན་པ་དང་སྨན་ཞབས་པ་དེ་ཚོའི་གྲས་ཀྱིས་ཧུར་ཐག་འབད་ཐག་གནང་བར་རྗེས་སུ་ཡི་རང་ཞུ་ཡི་ཡོད། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
དེ་ལྟ་བུའི་ཛ་དྲག་གནས་ཚུལ་ཡོང་བའི་སྐབས་ཡིད་ཞུམ་སྟེ་འཁུམ་པ་ཡིན་ན་ཕན་ཐོགས་མེད། གང་ལྟར་མིའི་དཀའ་ངལ་ཞིག་ཆགས་ཡོད། དཀའ་ངལ་འདི་མིས་མ་སེལ་ན་སུས་སེལ། ཆོས་ཀྱི་ཐོག་ནས་སྨོན་ལམ་བརྒྱབ་པ་ཁོ་ནས་སེལ་ཐུབ་ཀྱི་མེད་པ་མ་ཟད་འདང་གི་མེད། དེར་བརྟེན་ང་ཚོའི་སེམས་ནང་སྤོབས་པ་ཡོད་པ་དང་ལྷག་བསམ་དང་སྙིང་སྟོབས་སྐྱེས་ནས་ད་བར་གདོང་ལེན་གནང་གི་ཡོད་པ་རེད། ད་དུང་ཡིན་ནའང་གནང་རོགས་ཞུ་རྒྱུ་ཡིན། རྒྱ་གར་ནང་དུའང་ནད་ཡམས་འདི་གང་ཙམ་ཡོང་བཞིན་ཡོད་པ་རེད། དེར་བརྟེན་ང་ཚོའི་ཆོས་སྡེ་ཁག་དང་། དེ་བཞིན་དགོན་པ་ཆེ་ཆུང་། མི་དམངས་བཅས་ཚང་མས་ནད་ཡམས་ཀྱི་ཆེད་དུ་དམིགས་ནས་སྨན་ལྷའི་གཟུངས་སྔགས་བགྲང་རྒྱུ་དང་། སྒྲོལ་མའི་གཟུངས་སྔགས་གསོག་རྒྱུ་སོགས་མང་པོ་ཞིག་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །