༢༠༢༠ ཟླ་ ༥ ཚེས་ ༡༤ རེས་གཟའ་ཕུ་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣༠ ཉིན་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུ་འགོ་བཙུགས་པ་ནས་བཟུང་ལོ་ལྟར་དེ་ཉིན་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། འདི་ལོར་གོང་ཚེས་ཉིན་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མཐུན་འགྱུར་འོག་སྒང་ཏོག་བོད་ཀྱི་སྐད་ཡིག་གཅེས་འཛིན་ཚོགས་ཆུང་གིས་བོད་ཡིག་ཡིག་གཟུགས་འགྲན་སྡུར་གྱི་ལམ་ནས་དུས་ཆེན་སྲུང་བརྩི་ཞུས་འདུག དེ་ཡང་ཚོགས་པའི་ཚོགས་མི་རྣམས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབྲས་ལྗོངས་སེར་སྐྱ་མི་མང་ཡོངས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་ཁས་ལེན་དམ་འབུལ་ཞུས་པ་ལྟར་བོད་ཀྱི་ཐུན་མིན་རིག་གཞུང་གཅེས་འཛིན་བྱ་རྒྱུའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་འདུག
སྤྱིར་སྒང་ཏོག་བོད་ཀྱི་སྐད་ཡིག་གཅེས་འཛིན་ཚོགས་ཆུང་ཞེས་པ་ཚོགས་མི་བདུན་ཅན་གྱི་ཚོགས་པ་དེ་བཞིན་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལམ་སྟོན་འོག ཁུལ་དེར་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་ཡོད་པའི་ཚོགས་མིའི་ཁོངས་མང་གཙོའི་ལམ་ནས་འོས་བསྡུ་བྱས་པ་བརྒྱུད་ཚོགས་མི་བདུན་པོ་བསྐོ་གཞག་གནང་བ་ཞིག་ཡིན་འདུག
གོང་ཚེས་ཉིན་ཚོགས་པས་གསལ་བསྒྲགས་སྤེལ་བའི་ནང་ཐེངས་འདིར་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུ་སླད་བོད་ཡིག་ཡིག་གཟུགས་འགྲན་སྡུར་ཞུ་ཐེངས་གཉིས་པ་ཆགས་ཡོད་པ་དང་། དེང་སྐབས་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་འགྲོ་བཞིན་པར་བརྟེན་རྒྱ་གར་རྒྱལ་ཡོངས་ཐེམ་སྤང་བཀའ་རྒྱ་བསྡམས་ཡོད་སྟབས། ཡིག་གཟུགས་འདྲན་སྡུར་དེ་བཞིན་དྲ་རྒྱའི་ལམ་ནས་གནང་ཡོད་ཅིང་།
ལས་འགུལ་དེར་ཀ་རྡོར་སྒང་གསུམ་ཙམ་མ་ཟད། རྡ་ས་སོགས་ནས་ཀྱང་བོད་མི་ཚོས་དོ་སྣང་ཆེན་པོས་མཉམ་ཞུགས་གནང་བ་མ་ཟད། ལྷག་པར་དགེ་བཙུན་གྱི་ཆོས་སྡེ་ཁག་ནས་དོ་སྣང་ཆེན་པོས་མཉམ་ཞུགས་གནང་འདུག དེ་ཡང་ཡིག་གཟུགས་འགྲན་སྡུར་དེ་བཞིན་སྡེ་ཚན་བཞི་ལ་ཆ་བགོས་གནང་འདུག་པ་ནི། ༡།) འཛིན་གྲྭ་དང་པོ་ནས་ལྔ་པའི་བར། ༢། འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར། ༣། འཛིན་གྲྭ་དགུ་པ་ནས་བཅུ་གཉིས་བར། ༤། སྤྱི་ཡོངས་འགྲན་ཞུགས་པ། བཅས་ཡིན་འདུག འགྲན་སྡུར་དེའི་ནང་འཛིན་རིམ་དང་པོ་ནས་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་དང་། སློབ་ཕྲུག་ཚོའི་ཕ་མ་སོགས་ཁྱོན་མི་གྲངས་ ༢༨༠ མཉམ་ཞུགས་གནང་འདུག ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་ཕྱི་ཟླ་ ༥ ཚེས་ ༥ ཉིན་ཐེམ་སྤང་བཀའ་རྒྱའི་དམ་བསྒྲགས་ཕྲན་བུ་ལྷོད་ཡངས་ཀྱི་གོ་སྐབས་དང་བསྟུན་ལྷན་ཚོགས་གནང་ནས་ཡིག་གཟུགས་ལེགས་ཉེས་ཞུ་དག་གནང་འདུག ཡིག་གཟུགས་ཕལ་ཆེ་བ་ཧ་ཅང་ཡག་པོ་བྲིས་ཡོད་སྟབས་རྒྱུགས་བཞེས་པ་ཚོར་ཡང་ཡིག་གཟུགས་ཡག་སྡུག་དབྱེ་སེལ་བྱ་རྒྱུར་དཀའ་ངལ་ཕྲུན་བུ་བྱུང་འདུག
དེ་ཡང་སྒང་ཏོག་བོད་ཀྱི་སྐད་ཡིག་གཅེས་འཛིན་ཚོགས་ཆུང་ཞེས་པ་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༦ ཉིན་ཐོག་མར་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་སྒང་ཏོག་ཙམ་མ་ཟད། ས་གནས་གཞན་དང་གཞན་དུ་བོད་ཀྱི་ཐུན་མིན་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཞུ་རྒྱུ་གཙོ་བོ་ཡིན་ཞིང་། ལས་འགུལ་དེའི་ཆ་ཤས་སུ་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༤ ཉིན་ས་གནས་སུ་བོད་མི་ན་གཞོན་ཕ་མའི་ལྷན་ཚོགས་ཞེས་པའི་ཚོགས་འདུ་ཞིག་གོ་སྒྲིག་གནང་བ་བརྒྱུད། ཕ་མ་ཚོས་རང་གི་ཕྲུ་གུར་བོད་ཀྱི་སྐད་ཡིག་ལ་དོ་སྣང་སླེབ་ཆེད་རྒྱུན་དུ་ཁྱིམ་ཚང་ནང་བོད་སྐད་བརྒྱག་དགོས་པ་ཙམ་མ་ཟད། བོད་ཡིག་འབྲི་ཀློག་ཤེས་པ་བཟོ་དགོས་གལ་ཆེ་བའི་ལམ་སྟོན་སོགས་གནང་འདུག་པ་བཅས།།