ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཏོག་དབྱིབས་གཉན་རིམས་ཀྱིས་སྒོ་རྒྱ་བསྡམས་པའི་དུས་སྐབས་སུ་ཤེས་ཡོན་སློབ་གསོ་བ་མང་པོས་སློབ་ཕྲུག་རྣམས་ཀྱིས་རང་ཁྱིམ་ནས་མུ་མཐུད་སློབ་སྦྱོང་ཐུབ་ཐབས་སུ་དྲྭ་ཐོག་སློབ་ཁྲིད་གནང་བཞིན་ཡོད་ལ། ཕ་མ་དང་དགེ་རྒན། དེ་བཞིན་འཛིན་སྐྱོང་བཅས་ནས་སློབ་ཕྲུག་རྒན་པའི་ཤེས་ཡོན་ཐོག་སེམས་འཁུར་ཆེན་པོ་གནང་བ་ལྟར། སློབ་ཕྲུག་ཚོས་ཀྱང་སློབ་ཚན་རྣམས་དུས་ཐོག་ཁ་སྐོང་སླད་དྲྭ་ཐོག་སློབ་ཁྲིད་བརྒྱུད་འབད་བརྩོན་གང་ལེགས་གནང་བཞིན་ཡོད།
ཕྱོགས་མཚུངས་ཤེས་རིག་ལས་ཁུངས་ཀྱིས་བོད་ཀྱི་དྲྭ་བརྙན་ལས་རིམ་བརྒྱུད་སློབ་ཕྲུག་ཆུང་བ་རྣམས་ལ་དམིགས་ནས་སྒྲུང་ཤོད་པ་དང་། སྐད་ཤུགས་ཀྱི་ཀློག་འདོན། རྩེད་མོ་རྩེ་བ་སོགས་ཀྱི་དགེ་མཚན་ཇི་ཡོད་ངོ་སྤྲོད་ཀྱི་ལས་རིམ་ཞིག་འགོ་འཛུགས་ཞུས་ཤིང་། ངོ་སྤྲོད་ཀྱི་ལས་རིམ་འདི་བརྒྱུད་ཤེས་རིག་བྱིས་པའི་ཀློག་རྩལ་ལས་གཞིའི་རྒྱུས་སྟོན་པ་བསོད་ནམས་གངས་བཟང་ལགས་ཀྱིས་ད་བར་བྱིས་སྒྲུང་དྲུག་ཀློག་འདོན་གནང་བ་མ་ཟད། ཕ་མས་ཕྲུ་གུའི་འཁྲིས་ལ་སྐད་སྒྲ་ཆེན་པོས་ཀློག་འདོན་བྱེད་པ་འདིས་ཕྲུ་གུ་ཚོར་རང་ངོས་ནས་ཀློག་འདོན་གྱི་སྤྲོ་བ་འཕེལ་བ་དང་། ཚད་མཐོའི་དབྱེ་ཞིབ་ཀྱི་བསམ་བློ་གོང་སྤེལ་གཏོང་བ། མིང་ཚིག་ཕྱུག་ཏུ་འགྲོ་བ། དཔེ་ཀློག་ཐད་ཕྲུ་གུའི་བཟང་ཕྱོགས་ཀྱི་བསམ་བློ་གོང་འཕེལ་འགྲོ་བ་བཅས་ལ་ཕན་ཐོགས་ཆེན་པོ་ཡོད་པ་སོགས་ཀྱི་ངོ་སྤྲོད་རྒྱས་པར་གནང་།
རྩོམ་པ་པོ་དང་བྱིས་པའི་ཤེས་ཡོན་སློབ་གསོ་བ་མང་པོས་ཨིན་ཇིའི་བྱིས་སྒྲུང་སྐད་སྒྲ་ཆེན་པོས་ཀློག་འདོན་བྱས་པ་ཡུ་ཊུབ་ནས་དགོས་མཁོ་ནམ་བྱུང་ལ་རྙེད་སོན་ཐུབ་རྒྱུ་དང་། ཤེས་རིག་ལས་ཁུངས་ཀྱིས་རང་རེའི་ཕྲུ་གུ་རྣམས་སོ་སོའི་ཕ་སྐད་ལ་གོམས་འདྲིས་བརྟན་པོ་ཡོང་ཕྱིར་བྱིས་སྒྲུང་ཀློག་འདོན་གྱི་ལས་རིམ་འདི་ཉིད་བོད་སྐད་ཁོ་ནར་གཙོ་བཟུང་བྱས་ཡོད། འདིས་ཕྲུ་གུ་ཚོས་སོ་སོའི་སྐད་དང་ཡི་གེ་ཐོག་ཀློག་པ་དང་། འབྲི་བ། ཤོད་པ། བསམ་པ་བཅས་ལ་སྦྱང་བརྩོན་བྱེད་རྒྱུའི་སྤྲོ་སྣང་ཞེ་དྲག་གནང་གི་ཡོད།