༢༠༢༠ ཟླ་ ༥ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །རྒྱལ་སྤྱིའི་ཁྱོན་དུ་སྤྱི་སྒེར་ཚོགས་པ་སྒྲིག་འཛུགས་འདྲ་མིན་ནས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་དགོས་པ་རྒྱ་ནག་གཞུང་ལ་རེ་འདུན་སྔ་རྗེས་བཏོན་ཡོད་ཀྱང་། ད་བར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བསམ་ཤེས་རྩ་བ་ནས་མ་བྱས་པར། རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་བཅས་པར་བཙན་དབང་ཁོ་ནས་བཀག་ཉར་བྱས་ནས་ད་ཆ་མི་ལོ་ཧྲིལ་པོ་ ༢༥ འཁོར་བཞིན་ཡོད། དེར་བརྟེན་དུས་ཚིགས་དེ་དང་བསྟུན་སུད་སི་གྲོས་ཚོགས་འཐུས་མི་བཅོ་ལྔས་སྐད་ཡིག་གསུམ་བརྒྱུད་ནས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་མཆོག་ནང་མི་དང་བཅས་པར་འཕྲལ་མར་གློད་བཀྲོལ་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་གནང་འདུག
དེ་ཡང་ཞུ་སྙན་དེའི་ནང་གྲོས་ཚོགས་འཐུས་མི་ཁོང་རྣམ་པས་བོད་ཀྱི་འཚེ་མེད་ཞི་བའི་ལྟ་སྤྱོད་དང་འབྲེལ་བའི་རིག་གཞུང་ལ་ཡི་རང་བསྔགས་བརྗོད་དང་སྦྲགས། བོད་མིས་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་རྩར་བཟུང་ནས་འགྲོ་བ་མིའི་གཞི་རྩའི་རང་དབང་གི་ཆེད་འཐབ་རྩོད་གནང་བཞིན་པར་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག ཞུ་སྙན་ནང་། རྒྱ་ནག་གཞུང་གིས་ད་བར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཇི་ཡིན་གསལ་བཤད་མཐིལ་ཕྱིན་པ་ཞིག་རྩ་བ་ནས་མ་བྱས་པར་རང་དབང་ལྡན་པའི་གསར་འགོད་པ་སོགས་ལའང་རིན་པོ་ཆེ་མཆོག་གི་དངོས་ཡོད་གནས་སྟངས་ཇི་ཡིན་ཐད་ཉམས་ཞིབ་རྒྱུས་ལོན་བྱ་རྒྱུ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་རྟོག་ཞིབ་བྱ་རྒྱུའི་གོ་སྐབས་རྩ་བ་ཉིད་ནས་མ་སྤྲད་པ་རེད། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་རིག་གཞུང་སྲུང་སྐྱོབ་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ངེས་པར་ཞུ་དགོས་པ་མ་ཟད། བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་བ་བརྒྱུད་བོད་ཀྱི་གནད་དོན་མགྱོགས་མྱུར་གསལ་ཐབས་གནང་དགོས། ཞེས་དང་། ད་བར་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་བཅས་པར་བཙན་དབང་ཁོ་ནས་བཀག་ཉར་བྱས་ནས་ད་ཆ་མི་ལོ་ཧྲིལ་པོ་ ༢༥ འཁོར་བཞིན་ཡོད་ཀྱང་ཁོང་རྣམ་པའི་གནས་སྟངས་ངོ་མ་ཇི་ཡིན་གནས་ཚུལ་ཁུངས་ལྡན་ཞིག་རྩ་བ་ནས་ཐོབ་ཐུབ་མེད། ཅེས་སོགས་འཁོད་འདུག
ཉེ་ལམ་རྒྱལ་ཁབ་བཅུ་དགུ་ནས་གཞུང་འབྲེལ་མིན་པའི་ཚོགས་པ་ ༡༥༩ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཐུན་མོང་གི་ཞུ་སྙན་ཞིག་ཕུལ་བ་བརྒྱུད་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་གནང་ཆེད་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
དེ་ཡང་ཐེངས་འདིར་རྒྱབ་སྐྱོར་གྱི་ཞུ་སྙན་འབུལ་མཁན་གྲོས་ཚོགས་འཐུས་མི་རྣམས་ནི་ Maya Graf, Lisa Mazzone, Carlo Sommaruga, Prisca Birrer-Heimo, Laurence Fehlmann Rielle, Claudia Friedl, Balthasar Glättli, Nik Gugger, Barbara Gysi, Beat JansIrène Kälin, Fabian Molina, Martina Munz, Nicolas Walder and Cédric Wermuth སོགས་ཡིན་པ་བཅས།།