༢༠༢༠ ཟླ་ ༥ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་འོག་ནས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བཞིན་པའི་དུས་སྐབས་དང་བསྟུན། ལི་ཐུ་ཝེ་ནི་ཡའི་Republic of Lithuania གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་Dr. Andrius Navickas མཆོག་གིས། ཡུལ་དེའི་སྲིད་འཛིན་སྐུ་ཞབས་Gitanas Nausėda མཆོག་དང་། ཕྱི་སྲིད་བློན་ཆེན་སྐུ་ཞབས་Linas Linkevičius མཆོག་རྣམ་གཉིས་ལ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཐད་རྒྱ་ནག་གཞུང་ནས་འགན་ཁུར་ལྡན་པའི་གསལ་བཤད་ཡོང་སླད་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་གྱི་ཞུ་སྙན་ཞིག་ཕུལ་འདུག
ཞུ་སྙན་དེའི་ནང་ཁོང་གིས་རྒྱ་ནག་དམར་པོའི་སྲིད་གཞུང་ནི་ཆོས་མེད་སྨྲ་བ་ཡིན་ཡང་བོད་བརྒྱུད་ནང་བསྟན་སྤྱི་དང་། ལྷག་པར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་གཅོད་ཞུ་རྒྱུའི་སྲོལ་རྒྱུན་ལམ་ལུགས་ཐོག་ཁྲིམས་འགལ་གྱིས་དབང་སྒྱུར་བྱེད་ཐབས་བྱེད་བཞིན་པར་མཐའ་གཅིག་ཏུ་དགག་བྱ་ཡོད། ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེ་ཡང་ཞུ་སྙན་དེའི་ནང་དུ་འཁོད་དོན། རྒྱལ་སྤྱིའི་ཚོགས་པ་སྒྲིག་འཛུགས་འདྲ་མིན་གྱིས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཇི་འདྲ་ཡོད་མེད་ཐོག་གསལ་བཤད་དགོས་པའི་རེ་འདུན་ལན་མང་བཏོན་ཡོད་ཀྱང་ད་བར་རྒྱ་ནག་གཞུང་གིས་སྐྱག་རྫུན་རྐྱང་རྐྱང་བཤད་ནས་གཡོལ་ཐབས་བྱས་ཡོད།
ཕྱི་ལོ་ ༢༠༡༩ ཟླ་ ༩ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙན་དབང་འོག་ནས་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་རྟོག་ཞིབ་ཆེད་འཛུགས་དམིགས་བསལ་ཆེད་ལས་ཚན་པས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཇི་ཡིན་རྩད་ཞིབ་བྱས་ཡོད། སྐབས་དེར་རྒྱ་ནག་གཞུང་གིས་ཁོང་ད་ལྟ་སྐུ་གཟུགས་བདེ་ཐང་ཡིན་པ་མ་ཟད། མཐོ་སློབ་ཐོན་ནས་ལས་ཀ་ཡག་པོ་ཞིག་ཐོབ་ཡོད་པ་བཤད་ཡོད། འོན་ཀྱང་ད་བར་དངོས་ཡོད་གནས་སྟངས་ཇི་ཡིན་རྒྱལ་སྤྱིའི་སྒྲིག་འཛུགས་སུ་གང་ལའང་ཆ་མ་འཚལ་བའི་གནས་སྟངས་ཆགས་ཡོད།
འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ང་ཚོས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གི་བཙན་འོག་ནས་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ཧྲིལ་པོ་ ༢༥ འཁོར་བཞིན་པའི་སྐྱོ་གདུང་གི་དུས་སྐབས་འདིར་རིན་པོ་ཆེ་མཆོག་ལ་མཚོན་ན་དགུང་གྲངས་ ༣༡ སོན་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་འཛམ་གླིང་གང་སར་ཡོད་པའི་བོད་མི་བཙན་བྱོལ་བ་རྣམས་ཀྱིས་ཉིན་བརྒྱ་དུས་གཅིག་ཏུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་དགོས་པའི་ལས་འགུལ་སྣ་མང་སྤེལ་ཡོད།
དེར་བརྟེན་ཐེངས་འདིར་ང་ཚོས་ལི་ཐུ་ཝེ་ནི་ཡའི་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་Gitanas Nausėda མཆོག་དང་། ཕྱི་སྲིད་བློན་ཆེན་སྐུ་ཞབས་Linas Linkevičius མཆོག་རྣམ་གཉིས་ལ་ངེས་པར་དུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ལ་འགན་ཁུར་ལྡན་པའི་གསལ་བཤད་ངེས་པར་བྱེད་བཅུག་དགོས། ཞེས་འཁོད་འདུག །