ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ས་རཱ་བོད་ཀྱི་མཐོ་སློབ་ཏུ་དུས་ཡུན་རིང་ཐུང་འདྲ་མིན་ཐོག་ལས་བྱེད་འོས་སྦྱོང་དང་ཟབ་སྦྱོང་སྔ་རྗེས་ཕུལ་བའི་སྲི་ཞུའི་ལས་བྱེད་དུ་ཚུད་མིན་ལ་མ་ལྟོས་པར་དོན་དངོས་ཕན་ཐོགས་གང་ལེགས་བྱུང་ཡོད་ཅིང་། སྐབས་ ༡༥ པའི་བཀའ་ཤག་གི་དགོངས་གཞི་དང་བསྟུན་ཏེ་ཨ་རི་ USAID ལས་གཞིའི་རོགས་སྐྱོར་འོག་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པའི་ལས་བྱེད་ཀྱི་དམིགས་སྒོར་དུས་ཐུང་ཐེངས་ལྔ་པའི་དུམ་བུ་དང་པོའི་འོས་སྦྱོང་དེ་ས་རྭ་བོད་ཀྱི་མཐོ་སློབ་ཏུ་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ནས་འགོ་འཛུགས་ཀྱིས་ཟླ་གྲངས་ ༧ རིང་བོད་ཨིན་སྐད་ཡིག་ཚད་འཕེལ་ཟབ་འཁྲིད་གནང་གཏན་འཁེལ་བར་འོས་སྦྱོང་བ་གྲངས་ ༣༠ ཡིག་རྒྱུགས་ཀྱི་ལམ་ནས་གསར་བསྡུ་བྱ་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་རྣམས་ཚང་ཞིང་འཛུལ་ཞུགས་གནང་བློ་ཡོད་རིགས་ནས་འཚང་སྙན་འབུལ་འཐུས་ཆོག་པ་ཡིན། ༼དེ་རྗེས་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡ ནས་ཟླ་གྲངས་ ༣ རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་འཛིན་སྐྱོང་འགྲོ་སྟངས་སྤྱི་དང་བྱེ་བྲག་གི་ཐོག་འོས་སྦྱོང་གསལ་བསྒྲགས་ཕྱི་ཟླ་ ༡༡ པའི་ནང་འབུལ་རྒྱུ།༽
ཚང་དགོས་པའི་ཆ་རྐྱེན།
༡༽ ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ཉིན་ནས་རང་ལོ་ ༣༥ ལས་མ་བརྒལ་བ།
༢༽ དམའ་མཐར་ཉེ་བའི་གཙུག་ལག་རབ་འབྱམས་དང་ཚད་མཉམ་སློབ་ཐོན་ལག་འཁྱེར་ཡོད་པ།
༣༽ དྭང་བླངས་དཔྱ་དངུལ་འབུལ་འབབ་ ༢༠༢༠།༣།༣༡ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས་འབུལ་དགོས།
༤༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ Birth Certificate གྱི་ངོ་བཤུས་བཅས་ཚང་དགོས།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་སྲི་ཞུའི་ལས་བྱེད་ཟུང་དྲུང་གནས་རིམ་ཡན་སུ་རུང་ནས་དག་མཆན་ལས་དམ་ Attestation ཞུས་ཏེ། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས ༡༤ ཕྱི་དྲོ་ཚོུད་ ༤།༠༠ འགྱངས་མེད་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རང་ཁྱིམ་ཁ་བྱང་དང་། ཁ་པར་ཨང་། གློག་འཕྲིན་ Email སོགས་ཁ་གསལ་བཀོད་དེ་སོ་སོའི་འཚང་སྙན་དང་མཉམ་དུ་འབུལ་དགོས། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན།
ཟུར་མཆན། ས་རཱ་བོད་ཀྱི་མཐོ་སློབ་ནས་ཚུད་རྒྱུགས་ ༢༠༢༠ ཟླ་ ༦ ཚེས་ ༢༨ ཉིན་གནང་གཏན་འཁེལ་ཡོད་པས། འཚང་སྙན་དུས་ཐོག་འབྱོར་རིགས་ལ་ས་རྭ་བོད་ཀྱི་མཐོ་སློབ་ནས་ཞིབ་འཇུག་གིས་འོས་ཆོས་ཚང་བ་རྣམས་ལ་ཚུད་རྒྱུགས་ཆེད་བཅར་དགོས་པའི་འབོད་བརྡ་གཏོང་རྒྱུ། དེ་རིགས་ནས་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་འབྱོར་ཐོ་འགོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས་ ༢༠༢༠ ཟླ་ ༥ ཚེས་ ༡༩ ལ།།
The Principal,
College for Higher Tibetan Studies
P.O. Sarah – Dharamsala, 176213,
District Kangra, H.P.
Phone: 01892 226560, 226561
Email: [email protected]