ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་ལྦུ་ཧན་གྲོང་ཁྱེར་ནས་ཐོག་མར་དར་བའི་ཏོག་དབྱིབས་གཉན་རིམས་ Covid-19 འཛམ་གླིང་གང་སར་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པའི་སྐབས་འདིར། ཀོ་ལེ་གྷལ་དོན་ལྡན་གླིང་ས་གནས་ནས་སྔོན་འགོག་དང་ངལ་སེལ་ཆེད་ལས་དོན་ཇི་སྤེལ་གྱི་ལས་བསྡོམས་སྙིང་བསྡུས།
དེ་ཡང་ས་གནས་སུ་ནད་ཡམས་སྔོན་འགོག་དང་ངལ་སེལ་ལས་དོན་བྱེད་ཕྱོགས་ཀྱི་ཛ་དྲག་ཚོགས་ཆུང་ཟུར་འཛུགས་ཐོག་མི་མང་ནས་ཁྱོན་ཞལ་འདེབས་ཧིན་སྒོར་ ༥,༦༨,༥༢༥ བསྡུ་རུབ་ཐུབ་པ་བྱུང་འདུག ཞལ་འདེབས་མ་དངུལ་དེ་ནས་ཆ་བགོས་ཀྱི་ཧིན་སྒོར་འབུམ་གཅིག་ཀར་ན་ཊ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ངལ་སེལ་ཐེབས་རྩར་ཞལ་འདེབས་ཕུལ་བ་དང་།
གཞན་ཡང་ཧིན་སྒོར་ ༡,༧༧,༠༤༥ ས་གནས་འཕྲོད་བསྟེན་སྨན་ཁང་གི་ཛ་དྲྭག་དགོས་གལ་ཆེ་བའི་འཕྲུལ་ཆས་ Oxygen Concentrator གཅིག་གསར་ཉོ་ཞུ་ཐུབ་པ་དང་། ཁྱབ་ཁོངས་དགོན་སྡེ་དང་སློབ་གྲྭ་སོགས་ནང་ནད་ཡམས་སྔོན་འགོག་ཆེད་སྨན་ཆུ་ Sodium Hydrochloride ཐེངས་གཉིས་གཏོར་རྒྱུ་དང། ཉེ་འཁོར་རྒྱ་གར་ས་གནས་སྨན་ཁང་ཆུང་ཁག་གསུམ་ནང་ཛ་དྲག་མཁོ་ཆས་ཁག་རིན་མེད་ཐོག་འགྲེམ་སྤེལ་ཞུས་པ་དང་། གཞན་ཡང་གྲོང་སྡེ་ཉེར་གཉིིས་ནང་གོང་གསལ་སྨན་ཆུ་ཁྱིམ་ཚང་སོ་སོར་དུས་ཐོག་གཏོར་ཐུབ་པ་བྱུང་ཡོད།
དེ་བཞིན་གོང་གསལ་ཞལ་འདེབས་མ་དངུལ་ནས་ཧིན་སྒོར་ ༢,༩༡,༥༠༠ ཉེ་འཁོར་ཡུལ་མི་ཉམ་ཐག་རྣམས་ཀྱི་ཆེད་རིན་བབ་ཧིན་སྒོར་ ༣༨༠ ཅན་གྱི་སྐམ་བཟས་བཟའ་འབྲུ་ཐུམ་སྒྲིལ་གྲངས་ ༧༦༧ བགོ་འགྲེམས་གནང་འདུག ཆད་ལྷག་བྱུང་བ་རྣམས་ཀྱི་ཆེད་ཞལ་འདེབས་འཕར་མ་ཐབས་འཚོལ་ཞུས་འབྲས་སུ་ཨ་རིར་གནས་སྔོད་ Vietnamese ལྕམ་སྐུ་བསྟན་འཛིན་བདེ་སྐྱིད་ལགས་ནས་ཧུན་སུར་རྫོང་དཀར་ཆོས་སྡེ་གྲ་ཚང་བརྒྱུད་ཨ་སྒོར་ ༡༠,༠༠༠།༠༠ (ཧིན་སྒོར་ ༧,༦༥,༧༦༤༠།༠༠) ཉམ་ཐག་རྣམས་ལ་བཟའ་འབྲུ་བགོ་འགྲེམས་ཆེད་ཞལ་འདེབས་འབོད་སྐུལ་ཞུས་ནས་སྐམ་ཟས་ཐུམ་སྒྲིལ་གྲངས་ ༡༠༠༠ ཆད་ལྷག་བྱུང་བའི་ཁྱིམ་ཚང་ཉམ་ཐག་རྣམས་ལ་དུས་ཐོག་མཁོ་སྤྲོད་ཞུ་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༩ ཉིན་འདི་གའི་ཁྱབ་ཁོངས་ཆེས་ཉམ་ཐག་ཁྱིམ་ཚང་གྲངས་ ༥༨ ལ་བཟའ་འབྲུ་ཐུམ་སྒྲིལ་ཧིན་སྒོར་ ༢༠༠༠ ཅན་གྲངས་ ༥༨ ལ་རིན་བབ་བསྡོམས་སྒོར་ ༡,༢༠,༠༠༠།༠༠ བགོ་འགྲེམས་ཞུ་ཐུབ་པ་བྱུང་ཡོད།
སྐབས་འདིར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འཆར་འོག གཞིས་ཆགས་སེར་སྐྱ་མི་མང་ཡོངས་ལ་རིན་མེད་ཁ་རས་བགོ་འགྲེམས་ཆེད་ཁ་རས་གྲངས་ ༣༡༦༧ ལ་ཁ་རས་རེ་ལ་རིན་གོང་ཧིན་སྒོར་ ༡༠ གནས་པ་དང་། ཧིན་སྒོར་ ༣༡༦༧༠།༠༠ གུན་གསབ་གནང་ཐོག་ས་གནས་ནས་ཧོན་སུར་རྫོང་དཀར་ཆོས་སྡེ་གྲྭ་ཚང་ལ་ཞལ་འདེབས་འབོད་སྐུལ་ཞུས་པ་བཞིན་གྲ་ཚང་ནས་རོགས་དངུལ་སྒོར་ ༣༠,༠༠༠ དང་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གི་སྐུ་སྒེར་ནས་སྒོར་ ༡༠༠༠༠ བཅས་བསྡོམས་པའི་ཧིན་སྒོར་ ༧༡༦༧༠།༠༠ མ་གནས་ཀྱི་ཁ་རས་གཞིས་ཆགས་ནང་གི་འཚེམ་པོ་བ་དང་བླངས་གྲངས་བཅུའི་འགན་འཁུར་ཐོག་གཞིས་ཆགས་ནང་འཚེམ་བཞིན་ཡོད་པ་བཅས། །