ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་༢༠༢༠ ཟླ་༥ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ COVID-19 ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་ལས་དོན་ཚོགས་ཆུང་གི་ཚོགས་མི་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཐེངས་བདུན་པ་སྤེལ་བའི་ནང་འཁོད་དོན།
དོན་ཚན་དང་པོ།
༡། འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས།
ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༣ ཕྱེད་ཡོལ་ཆུ་ཚོད་ ༥།༣༠ བར་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་གཉན་རིམས་ཕོག་པའི་ནད་པའི་གྲངས་ཐོ། ས་ཡ་བཞི་དང་ཆིག་འབུམ་བདུན་ཁྲི་དགུ་སྟོང་བཞི་བརྒྱ་དོན་དགུ། ༤༡༧༩༤༧༩
ནད་པ་འདས་གྲོངས་སོང་བ། ༢༨༧༥༢༥ ༼ ཉིས་འབུམ་བརྒྱད་ཁྲི་བདུན་སྟོང་ལྔ་བརྒྱ་ཉེར་ལྔ། ༽
ཁྱོན་རྒྱལ་ཁབ་གྲངས། ༢༡༥
༢། རྒྱ་གར་ནང་གི་གནས་སྟངས།
ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༤ ཕྱེད་ཡོལ་ཆུ་ཚོད་ ༤ བར་རྒྱ་གར་ནང་གི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས། གནས་ཚུལ་འབྱུང་ཁུངས། རྒྱ་གར་འཕྲོད་བསྟེན་ལས་ཁུངས་དང་ཁྱིམ་ཚང་བདེ་དོན་ལྷན་ཁང་།
ནད་པ་གྲངས། ༤༩༢༡༩ ནད་པ་འདས་གྲོངས་སོང་བ། ༢༥༤༩ ནད་པ་དྲག་བསྐྱེད་བྱུང་བ། ༢༦༢༣༤
རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེ་བའི་མངའ་སྡེ་གོང་རིམ་བཞིན་འདིར་བཀོད་ཡོད།
རྒྱ་གར་མངའ་སྡེ་མཧཱ་ར་ཤི་ཀྲ། Maharastra ནད་པ་གྲངས་ ༢༥༩༢༢
གུ་ཇུ་རཏ། Gujrat ༩༢༦༧
ཏ་མིལ་ན་དུ། Tamil Nadu ༩༢༢༧
ལྡི་ལི། Delhi ༧༩༩༨
ཀར་ན་ཊ་ཀ། Karnataka ༩༥༩
ཧི་མཱ་ཅལ། Himachal ༦༦
ལ་དྭགས། Ladakh ༤༣
ཨུཏྟར་ཁནྜ། Uttarkhand ༧༢
ཨོ་ཌི་ས། Odisha ༥༣༨
བརྟག་དཔྱད་བྱས་པའི་མི་གྲངས། ༡༩༤༧༠༤༡
གནས་ཚུལ་འབྱུང་ཁུངས། རྒྱ་གར་སྨན་གྱི་ཉམས་ཞིབ་ལྷན་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༤ སྔ་དྲོའི་ཆུ་ཚོད་ ༩ ནང་ཚུད་བཏོན་པའི་གནས་ཚུལ་ལ་གཞི་བཅོལ། (ICMR: 14/05/2020, 09 am IST)
ཚད་ལྡན་བརྟག་དཔྱད་ཁང་། ༥༠༢ ༼ ཁྱོན་རྒྱ་གར་མངའ་སྡེ་གྲངས་༣༤ ནང་གཞུང་གི་བརྟག་དཔྱད་ཁང་ ༣༥༦ སྒེར་གྱི་བརྟག་དཔྱད་ཁང་ ༡༤༦ ༽
ད་ལྟའི་ཆར་རྒྱ་གར་ནང་གི་བོད་མི་སུ་ཞིག་ལ་ནད་ཚ་འདི་ཕོག་པ་བྱུང་མེད།
བལ་ཡུལ་ནང་གི་གནས་སྟངས། ༼ གནས་ཚུལ་འབྱུང་ཁུངས། Source:covidnepal.com/12 noon ༽
ནད་པ་གྲངས། ༢༤༦
ནད་པ་དྲག་སྐྱེད་བྱུང་བའི་གྲངས། ༣༥
ནད་པ་འདས་གྲོངས་སོང་བའི་གྲངས། ༠
ད་ལྟའི་ཆར་བལ་ཡུལ་ནང་གི་བོད་མི་སུ་ཞིག་ལ་ནད་ཚ་འདི་ཕོག་པ་བྱུང་མེད།
འབྲུག་ནང་གནས་སྟངས། གནས་ཚུལ་འབྱུང་ཁུངས། (Source: https://www.gov.bt/covid19/ Update – 14/05/2020 – 12 noon)
ད་ལྟ་ནད་པ་གྲངས། ༡༣ རྒྱལ་ཁབ་ནས་ཕྱིར་ཐོན་ཟིན་པ། ༢ བསྡོམས་པས་ནད་པ་གྲངས་ ༡༥
ནད་པ་དྲག་སྐྱེད་བྱུང་བའི་གྲངས། ༥
ནད་པ་འདས་གྲོངས་སོང་བའི་གྲངས། ༠
ད་ལྟའི་ཆར་འབྲུག་ནང་གི་བོད་མི་སུ་ཞིག་ལ་ནད་ཚ་འདི་ཕོག་པ་བྱུང་མེད།
དོན་ཚན་གཉིས་པ། ལས་དོན་ཚོགས་ཆུང་གི་གྲུབ་ཐོན།
༢།༡ ཁང་ཁྱིམ་ཟུར་བཀག་གནས་སྟངས།
ཕྱི་ཟླ་ ༥ ཚེས་ ༣ གོང་ནས་འགྲོ་བཞིན་པའི་མི་གྲངས་ ༡༢ དང་ཟླ་ ༥ ཚེས་ ༣ རྗེས་མི་གྲངས་ ༢༢༧ བཅས་རྒྱ་གར་ནང་གི་ས་གནས་ ༢༢ དང་བལ་ཡུལ་ས་གནས་ ༤ བཅས་ནས་ཁྱོན་མི་གྲངས་ ༢༣༩ ད་ལྟའི་ཆར་ཁང་ཁྱིམ་ཟུར་བཀག་འོག་བཞུགས་ཡོད་པ་ཡིན།
༢།༢ དབུས་སའི་བོད་མིར་ནད་རྟགས་ཡོད་མེད་རྟོག་ཞིབ་ལས་དོན།
རྡ་ས་གངས་སྐྱིད་ཁུལ་དུ་ལས་བྱེད་དང་ལས་བྱེད་ནང་མི། དགོན་སྡེ་གྲྭ་ཚང་། དཔེ་མཛོད་ཁང་དང་། ཉེ་འཁོར་བོད་མི་བཅས་བདུན་ཕྲག་སྔ་མའི་ནང་མི་གྲངས་ ༡༣༢༢ ལ་ནད་རྟགས་ཡོད་མེད་རྟོག་ཞིབ་བྱེད་མུས་ཀྱིས་ད་བར་དམིགས་བསལ་ནད་རྟགས་ཐོན་པ་བྱུང་མེད། ད་ཉིན་ནས་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་ལ་ནད་རྟགས་ཡོད་མིན་བརྟག་དཔྱད་འགོ་འཛུག་གནང་ཡོད།
དེ་བཞིན་རྒྱ་གར་ནང་ས་གནས་གྲངས་ ༣༡ དང་བལ་ཡུལ་ས་གནས་ ༤ བཅས་ནང་ཁྱོན་མི་གྲངས་ ༣༤༦༣༩
༼སུམ་ཁྲི་བཞི་སྟོང་དྲུག་བརྒྱ་སུམ་ཅུ་སོ་དགུ ༽ལ་ས་གནས་འགོ་འཛིན་དང་འཕྲོད་བསྟེན་སྨན་ཞབས་མཉམ་འབྲེལ་གྱིས་ནད་རྟགས་ཡོད་མེད་རྟོག་ཞིབ་བྱས་ཟིན་པའི་གནས་སྟངས།
༢།༣ གསོ་རིག་ལུས་སེམས་ནུས་གསོའི་སྨན།
གསོ་རིག་སྨན་གཏན་འབེབས་ཞུས་པ་དེ་ད་བར་ཁྱོན་རྒྱ་གར་ས་གནས་གྲངས་ ༢༠ ནང་ཁྱོན་མི་གྲངས་ ༣༧༧ ལ་རིན་མེད་བགོ་འགྲེམས་ཟིན་པ་དང་། བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་བོད་མི་རང་ལོ་ ༦༥ ཡན་ལ་བོད་སྨན་འདི་རིན་མེད་འབུལ་རྒྱུ་འགོ་འཛུགས་ཟིན། ཆབས་ཅིག་འདི་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་བསྟེན་མཁན་རྣམས་ནས་སྨན་གྱིས་ཕན་སྐྱེད་ཇི་བྱུང་གི་འགེངས་ཤོག་བཟོ་བསྐྲུན་གྱིས་ཕྱོགས་མཐར་འགྲེམས་སྤེལ་ཞུས་ནས་ད་བར་མི་གྲངས་ ༡༨༠ འགེངས་ཤོག་བཀང་ནས་འདི་ལས་སུ་འབྱོར་བྱུང་།
༢།༤ ནད་འགོག་སྲུང་སྐྱོབ་བབ་རང་སྲུང་ཡོ་བྱད་ཀྱི་གནས་སྟངས།
བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་རོགས་ཚོགས་ལ་ནད་ཡམས་འདིའི་ཐོག་སྤྱི་ཡོངས་ཀྱི་ལས་དོན་ལས་འཆར་ཕུལ་བ་ལས་རང་སྲུང་ཡོ་བྱད་དམ་ནད་འགོག་སྲུང་སྐྱོབ་ཡོ་བྱད་PPE Set ཆེད་དམིགས་བཀར་རོགས་དངུལ་གནང་མེད་ཀྱང་ཁ་རས་དང་ལག་ཤུབས་སོགས་འགོག་སྲུང་ཁག་གཅིག་ཉོ་ཆོག་པའི་རོགས་དངུལ་ཐོབ་ཡོད་ན་བོད་མིའི་གཞིས་ཆགས་ཁག་ཏུ་དགོས་མཁོ་དང་བསྟུན་ནས་མངགས་ཉོ་གནང་དགོས་པའི་ལམ་སྟོན་གནང་ཟིན།
ཆབས་ཅིག་བལ་ཡུལ་ནང་གཙོ་བོ་སྐུ་ཚབ་དོན་གཅོད་དང་གངས་ཅན་བདེ་རྩ། UNCHR གཙོས་ཚོགས་སྡེ་དང་སྐུ་ཚབ་མི་གྲངས་༢༠ ཙམ་བདུན་རེའི་རེས་གཟའ་ལྷག་པ་ནམ་ཡིན་དྲ་ཐོག་ཚོགས་འདུ་བསྐོང་ཚོགས་ཀྱིས་ཚོགས་འདུའི་ཐོག་འཕྲོད་བསྟེན་སྐུ་ངོ་དྲུང་ཆེ་དབུ་བཞུགས་ཀྱིས་ས་གནས་ཀྱི་གནས་ཚུལ་གནས་སྟངས་དང་དེ་བཞིན་ཚོགས་མི་རྣམ་པའི་དགོངས་འཆར་དགོངས་ཚུལ་ཕེབས་པ་རྣམས་ལ་གྲོས་བསྡུར་གནང་བཞིན་ཡོད་པ་དང་། དེ་གའི་གཞིས་སྡེ་༡༢ ཡོད་པ་ཚང་མར་སྔོན་འགོག་ལས་དོན་ལས་འཆར་སྤེལ་བ་རྣམས་ལ་རྒྱབ་སྐྱོར་དང་རོགས་དངུལ་ཞུས་ཐོབ་ཀྱིས་བལ་ཡུལ་ནང་གི་བོད་མིར་ནད་འགོག་གི་མཐུན་རྐྱེན་གང་ཐུབ་སྦྱོར་རྒྱུ་ཡིན་པ་རེད།
༢།༥ མི་ཤུགས་གོང་སྤེལ་ཚན་པ།
དེ་སྔ་གསལ་བསྒྲགས་བཏང་བ་བཞིན་ད་བར་བོད་མིའི་འདུ་སྡོད་ས་གནས་གྲངས་ ༡༩ ནས་ཁྱོན་སྨན་ཞབས་གྲངས་ ༦༤ དང་ཁ་ལོ་པ་ ༡༦ བཅས་ཁྱོན་མི་གྲངས་ ༨༠ ད་ལྟའི་ཛ་དྲག་གི་དུས་ཚོད་འདིར་རང་རིགས་སྤྱི་ཚོགས་ནང་ཞབས་ཞུའི་ཆེད་མ་སྐུལ་དང་བླངས་གནང་ཟིན་ཡོད། དེའི་ནང་ནས་སྨན་ཞབས་གྲངས་ ༥༡ དང་ཁ་ལོ་པ་གྲངས་ ༤ ད་ཆ་དངོས་སུ་ལས་བསྐོས་ཟིན་ནས་ཞབས་ཞུ་བསྒྲུབ་མུས་ཡིན། གཞན་སྨན་ཞབས་གྲངས་ ༡༣ དང་ཁ་ལོ་པ་གྲངས་ ༡༢ ཛ་དྲག་འབྱུང་སྐབས་དངོས་སུ་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ་རེད།
༢།༦ གསར་འགོད་དང་སྔོན་འགོག་གོ་རྟོགས་ཚན་པ།
འདས་པའི་བདུན་ཕྲག་གཅིག་གི་ནང་ཚན་པ་འདི་ནས་ཁང་ཁྱིམ་ཟུར་བཀག་ཏུ་བཞུགས་པ་རྣམས་ཀྱི་ལམ་སྟོན་ཡིག་ཆ་བོད་ཡིག་ཐོག་བསྒྱུར་ནས་ས་གནས་གཞིས་ཆགས་ཁག་ཏུ་བཏང་ཟིན།
དེ་བཞིན་ཛ་དྲག་གནས་སྟངས་ཆགས་ཚེ་ཆེད་ལས་སྨན་པ་དང་སྨན་ལས་པ་རྣམས་ནས་རང་སྲུང་ཡོ་བྱད་PPE བེད་སྤྱོད་བྱ་དགོས་པས་ཡོ་བྱད་རྣམས་དུས་ནམ་ཞིག་དང་། བེད་སྤྱོད་ཇི་ལྟར་གཏོང་དགོས་མིན་གྱི་ལམ་སྟོན་ཡིག་ཆ་ཞིག་བོད་ཡིག་ཏུ་ཕབ་སྒྱུར་ཞུས་ནས་ཕྱོགས་མཐའི་གཞིས་ཆགས་ཁག་ལ་ཕུལ་རྒྱུར་གྲ་སྒྲིག་རྣམས་ལེགས་པར་ཟིན་ཡོད།
དེ་བཞིན་སེམས་ཁམས་འཕྲོད་བསྟེན་ཆེད་ལས་པ་གྲངས་བརྒྱད་ནས་ཁང་ཁྱིམ་ཟུར་བཀག་དུ་གནས་བཞུགས་རྣམས་ལ་ཁ་པར་བརྒྱུད་སོ་སོའི་གནས་སྟངས་གནས་ལུགས་སོགས་ཇི་འདྲ་ཡོད་མིན་འབྲེལ་བ་ཞུས་པས་ད་ཆ་རྡ་སར་གནས་བཞུགས་རྣམས་ལ་འབྲེལ་བ་ཟིན་ཞིང་ད་ཉིན་རེས་གཟའ་ཕུར་བུ་ནས་ཆེད་ལས་པ་རྣམས་ས་བགོས་ཀྱིས་ཕྱོགས་མཐའི་ས་གནས་སུ་ཡོད་པའི་ཁང་ཁྱིམ་ཟུར་བཀག་ཏུ་གནས་བཞུགས་རྣམས་ལ་སྤྱི་བཏང་གནས་སྟངས་དང་སེམས་ཁམས་དཀའ་ངལ་ཡོད་མེད་ཐོག་འབྲེལ་འདྲི་གནང་སྒོ་ཚུགས་པའི་གནས་ཚུལ་ཞུ།
དོན་ཚན་གསུམ་པ། ཆེད་ལས་སྨན་པའི་ལམ་སྟོན།
ཕྱི་ལུགས་སྨན་གྱི་ཐོག་ནས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ནས་མི་མང་ལ་གཤམ་གསལ་ཆེད་ལས་སྨན་པའི་ལམ་སྟོན་གནང་བའི་ནང་དོན།
རང་ཉིད་དང་གཞན་རྣམས་ནད་ཡམས་འདི་ལས་སྲུང་སྐྱོབ་གང་འདྲ་བྱེད་ཐུབ་བམ་ཞེས་ན། ཐོག་མར་ནད་ཡམས་འདི་བགོས་ཁྱབ་གང་འདྲ་འགྲོ་ཡི་ཡོད་པ་ཤེས་དགོས་གལ་ཆེ་བ་སྟེ།
- གློ་དང་སྦྲིད་པ་རྒྱག་སྐབས་ཁ་སྣ་འགེབ་དགོས་པ།
- མི་སུ་ཡིན་ཡང་ཐག་ཉེའི་འབྲེལ་ཐུག་མ་གནང་།
- སོ་སོའི་ལག་པ་ཡང་སེ་བཀྲུ་དགོས་པའི་ལམ་སྟོན་གནང་བ་དང་།
གལ་ཏེ་རང་ཉིད་ནད་པ་ཡིན་ན་གང་བྱེད་དགོས་སམ་ཞེས་ན།
-
-
-
- ཛ་དྲག་གིས་སྨན་ཁང་བསྟེན་གཏུག་ལས་གཞན་རང་ཁྱིམ་དུ་བཞུགས་དགོས།
- རང་ཉིད་མི་གཞན་དང་ཐག་རིང་ཙམ་བཞུགས་དགོས།
- ཉིན་ལྟར་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་དགོས།
- སྨན་པ་མ་བསྟེན་གོང་ངེས་པར་ཞལ་པར་ཐོག་སྨན་པ་དང་འབྲེལ་བ་གནང་དགོས།
- རང་ཉིད་ནད་ངོ་ཕྲོད་པ་ཡིན་ན་ཁ་དང་སྣ་ངེས་པར་འགེབ་དགོས།
- དམིགས་བསལ་གློ་དང་སྦྲིད་པ་རྒྱག་སྐབས་ཁ་དང་སྣ་ངེས་པར་འགེབ་དགོས།
- ལག་པ་གཉིས་གཙང་མ་བཀྲུ་དགོས།
- རང་ཉིད་བེད་སྤྱོད་བྱེད་བཞིན་པའི་ཅ་དངོས་དང་རས་གོས་རྣམས་གཞན་དང་མཉམ་སྤྱོད་མ་བྱེད།
- རང་ཉིད་ལག་པ་འཆང་སའི་ས་དངོས་རྣམས་དུག་སེལ་གྱིས་གཙང་གསལ་བྱ་དགོས།་པ་བཅས་ཀྱི་ལམ་སྟོན་གནང་།
-
-
ལམ་སྟོན་ཁུངས་གཏུགས།
Source: https://www.cdc.gov/coronavirus/2019-ncov/prevent-getting-sick/prevention.html
- དོན་ཚན་བཞི་པ། དྲན་སྐུལ།
རྒྱ་གར་ནང་ནད་པའི་གྲངས་ཚད་འཕར་བཞིན་པའི་གནས་སྟངས་ལ་བོད་མི་ཚོས་རང་ཁྱིམ་དུ་བཞུགས་པ་དང་གལ་ཏེ་ཛ་དྲག་ནད་མནར་དང་གལ་ཆེའི་ལས་དོན་རྐྱེན་པས་ཕྱིར་འགྲོ་དགོས་བྱུང་ནའང་ཁ་རས་གྱོན་པ་དང་། མི་དང་མིའི་དབར་རྒྱང་ཐག་བཅད་ནས་འགྲོ་དགོས་པ། དེ་བཞིན་ཕྱི་ལ་ཕེབས་ནས་ནང་དུ་ལོག་སྐབས་ཞབས་ལྷམ་དང་གོས་ལོག་བརྗེས་རྗེས་ལག་པ་དང་གདོང་གཙང་མ་འཁྲུ་བ་སོགས་རང་ཉིད་སྲུང་སྐྱོབ་རྣམས་ལྷོད་མེད་གནང་ན་ཞེད་སྣང་དང་དངངས་སྐྲག་སྐྱེ་དགོས་མེད།
དེང་གཞིས་ཆགས་ནང་རྒན་བགྲེས་མང་པོ་སེམས་ནང་དངངས་སྐྲག་ཆེན་པོ་བྱེད་བཞིན་པའི་གནས་སྟངས་ལ་འབྲེལ་ཡོད་འཕྲོད་ལས་དང་སྨན་པས་དངོས་ཡོད་གནས་ཚུལ་དང་སྔོན་འགོག་ཤེས་བྱ་སོགས་གོ་རྟོགས་སྤེལ་ཞིང་སེམས་ཁམས་འཕྲོད་བསྟེན་ཐོག་སློབ་གསོ་གནང་གལ་ཆེ།
ཡང་ཁག་ཅིག་ལ་ན་ཚ་དེ་འགོས་འདུག་ལབ་པ་ཙམ་གྱིས་དངངས་སྐྲག་ཆེན་པོ་སྐྱེ་བའི་གནས་ཚུལ་བྱུང་བཞིན་པར་ཁོང་རྣམས་ལ་དེ་ལྟའི་དངངས་སྐྲག་བྱེད་དགོས་དོན་མེད་ཅིང་ནད་ཡམས་འདི་ཕོག་པ་ལས་བརྒྱ་ཆ་༨༠ ནས་བརྒྱ་ཆ་༨༥ ཙམ་ལ་ཛ་དྲག་དཀའ་ངལ་དང་ཉེན་ཚབས་ཆེན་པོ་ཆགས་ཀྱི་མེད་ཅིང་གསོ་རིག་སྨན་སོགས་བསྟེན་པ་ལས་དྲག་བསྐྱེད་བྱུང་བཞིན་ཡོད་པས་དངངས་སྐྲག་གནང་མི་དགོས།
མཐའ་དོན་ང་ཚོའི་གོམས་གཤིས་ལ་རྒྱུན་དུ་མ་ཎི་རིལ་བུ་དང་བདུད་རྩི་མཆོད་སྨན། དེ་བཞིན་ཚེས་བཟང་དུས་བཟང་ལ་རིན་ཆེན་རིལ་བུ་བཏང་སྲོལ་ཡོད་པ་དེ་ད་ལྟའི་ཆར་དམིགས་བསལ་གྱིས་ལྷོད་ཡེངས་མ་སོང་བར་ཞོགས་པ་རྟག་པར་བསྟེན་རྒྱུ་ཤིན་ཏུ་གལ་ཆེ། མ་ཎི་རིལ་བུ་དང་བདུད་རྩི་མཆོད་སྨན་ནི་བྱིན་རླབས་ཙམ་མིན་པར་འདིའི་ནང་རིམས་ནད་སྔོན་འགོག་གི་སྨན་སྣ་མང་པོ་ཡོད་པས་དེས་རིམས་ནད་སྔོན་འགོག་སོགས་ལ་ཕན་ངེས་ཡིན་པས་མུ་མཐུད་ནས་མཆོད་དགོས་པ།
ཡང་སོ་སོར་ནད་རྟགས་མངོན་ཚེ་རྣམ་གཡེང་དུ་མ་སོང་བར་སྨན་ཁང་དང་སྨན་པར་འབྲེལ་བ་གནང་དགོས། ཇི་ཙམ་སྔོན་ཚུད་ནས་ཤེས་རྟོགས་འབྱུང་བ་དེ་ཚོད་ཀྱིས་ནད་འདི་གསོ་བཅོས་སླ་བ་ཡོད་པ་དེ་མཁྱེན་པའི་ཐོག་ནས་ལག་བསྟར་གནང་རོགས།།