ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༤ རེས་གཟའ་ཉི་མ།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༣ ཉིན་ཝཱ་ཎ་མཐོ་སློབ་ནས་ཡིན་པའི་སློབ་མ་བདུན་རྡ་སར་འབྱོར་ཡོད། སློབ་མ་རྣམས་ཤེས་རབ་དགའ་ཚལ་སློབ་གླིང་དུ་འགོག་དབྱེ་ཟུར་འཇོག་ཁང་དུ་ཤར་སྐྱོད་གནང་ཡོད་ཅིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེས་ཁོང་རྣམས་ཐུག་འཕྲད་ཀྱིས་རྒྱ་གར་ནང་ནད་གཞི་ཁྱབ་བརྡལ་གྱི་གནས་སྟངས་དང་སྦྲགས། མངའ་གཞུང་གི་ལམ་སྟོན་ལྟར་ཕྱི་ནས་ཕེབས་མཁན་རྣམས་ངེས་པར་དུ་འགོག་དབྱེ་ཟུར་བཞུགས་གནང་དགོས་པར་བརྟེན་ཚང་མས་རང་འགན་རང་འཁུར་གནང་དགོས་པ་དང་།
ཚ་བའི་ནད་རྟགས་ཡོད་མེད་བརྟག་དཔྱད་ཡོ་བྱད་གནང་སྟེ་ཉིན་མར་དུས་གཉིས་ཚ་བའི་ནད་རྟགས་ཡོད་མེད་བརྟག་དཔྱད་ཀྱིས་ཚ་ཚད་ཐོ་འགོད་གནང་དགོས་པ། ཅི་སྟེ་ཚ་བ་དང་གློ་ལྡང་བ་ལ་སོགས་པའི་ནད་རྟགས་མངོན་ཚེ་འཕྲལ་མར་འབྲེལ་བ་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་བཅས། །