ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་བརྡལ་མི་ཡོང་ཆེད་རྒྱ་གར་དབུས་གཞུང་ནས་ཐེམ་སྤང་བཀའ་རྒྱ་བསྡམས་པའི་འོག་འདི་གར་འགྲུལ་པ་མང་ཉུང་བ་ཞིག་ལུས་ཡོད་པར་སོང་། ད་ཆ་འགྲུལ་བཞུད་མཐུན་རྐྱེན་ཅུང་ཙམ་ལྷོད་ཡོད་པར་བརྟེན། ས་གནས་སུ་ལུས་ཡོད་པའི་འགྲུལ་པ་དག་རང་གནས་སུ་ཕྱིར་སློག་ཐུབ་ཆེད་འདི་གའི་རྒྱབ་གཉེར་བརྒྱུད་ས་གནས་རྫོང་དཔོན་དང་ཏེ་སིལ་ཊར་ (Tehsilder) ལས་ཁུངས་གཉིས་ནས་མངའ་སྡེ་ནང་ཁུལ་འགྲུལ་བཞུད་ཆོག་མཆན་ (Inter State Travel E-Pass) གནང་མུས་སུ་ཡོད། གཞན་ཡང་ཏེ་སིལ་ཊར་ (Tehsilder) ལས་ཁུངས་ནས་ས་གནས་ཀྱི་སྤྱིར་བཏང་ནད་པ་བསྟེན་གཏུག་ཞུ་ཆེད་ཧུབ་ལི་ (Hubli) དང་ཊར་ཝར་ (Dharwad) སྨན་ཁང་ཁག་ལ་འགྲོ་ཆེད་འདི་ག་ལས་ཁུངས་ཀྱི་རྒྱབ་གཉེར་བརྒྱུད་ཆོག་མཆན་གནང་བཞིན་ཡོད། རྒྱ་གར་གཞུང་ས་གནས་ཏཱ་ལུཊ་ (Taluk) སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་རྣམ་པས་འགོག་དབྱེ་ཟུར་འཇོག་ནང་ཡོད་པ་རྣམས་ལ་རྒྱུན་ལྡན་བརྟག་དཔྱད་དང་ལྟ་སྐོར་གནང་མུས། དེ་བཞིན་ཕྱི་ཕྱོགས་ཕེབས་མི་གསར་པ་རྣམས་ལ་ (Swab Test/Covid-19 RT/PCR) བརྟག་དཔྱད་ཀྱིས་ཟུར་བཀག་ནང་བཞག་མུས་ཡིན། ས་གནས་སུ་ཚོགས་འགོག་དབྱེ་ཟུར་འཇོག་ཁང་ (Instititutional quarantine) དྲུག་ཡོད་པ་དེ་དག་བོད་ཁྱིམ་ཉལ་ཁང་དང་། དགའ་ལྡན་ཤར་རྩེ། དགའ་ལྡན་བྱང་རྩེ། འབྲས་སྤུངས་བློ་བསལ་གླིང་། སྒོ་མང་གྲྭ་ཚང་། སམ་བྷོ་ཊ་བོུ་ཉལ་ཁང་བཅས་མཐུན་རྐྱེན་གོ་སྒྲིག་ཞུས་ཡོད།
དེ་བཞིན་གྲོང་སྡེ་དགུ་སོ་སོའི་ནང་ཁྱིམ་བཀག་འགོག་དབྱེ་ཟུར་འཇོག (Home quarantine) ཡང་གོ་སྒྲིག་ཞུས་ཐུབ་པ་བྱུང་ཡོད། གོང་གསལ་འགོག་དབྱེ་ཟུར་འཇོག་ནས་བོད་ཁྱིམ་ཉལ་ཁང་ནང་ཟུར་བཀག་མི་གྲངས་ ༢༩ དང་། དགའ་ལྡན་ཤར་རྩེ་རུ་མི་གྲངས། ༡། སྒོ་མང་གྲྭ་ཚང་དུ་མི་གྲངས་ ༡ བཅས་ཡོད། དེ་དག་རྣམས་ལ་མཐུན་འགྱུར་ཇི་དགོས་ཞུ་མུས་ཡིན། སྒོ་རྒྱག་བཀའ་རྒྱའི་འགྲུལ་བཞུད་ཅུང་གུ་ཡངས་ཕྱིན་ནས་བཟུང་ད་བར་ས་གནས་སུ་ཁྱོན་མི་གྲངས་ ༤༤ འབྱོར་ཡོད་པ་དང་། དེ་དག་འགོག་དབྱེ་ཟུར་འཇོག་ནང་བཞག་ཡོད། ས་གནས་སུ་ནད་པ་སེམས་ཁམས་དཀའ་ངལ་ཅན་དང་། རིག་འཚོ་མ་ཟིན་པ། གཉན་ནད་རེག་དུག དབང་པོ་སྐྱོན་ཅན་ལ་སོགས་བསྡོམས་མི་གྲངས་ ༡༢༣ ནས་ནང་མི་དཀའ་ངལ་ཅན་གྲངས་ ༨༠ ལ་གཞིས་ལས་ཁང་བརྒྱུད་བཀའ་བརྒྱུད་འབོག་དཀར་དགོན་པ་ནས་ ༢༠༢༠།༠༥།༢༠ ཉིན་བཟའ་བཅའ་བགོ་འགྲེམས་མཐུན་འགྱུར་དང་། དེ་བཞིན་བོད་འབྱོར་མི་གྲངས་ ༣༤ དང་ནང་མི་ཉམ་ཐག་གྲངས་ ༣༠ བཅས་ལ་བཟའ་བཅའ་བགོ་འགྲེམས་ཞུས་ཐུབ་པ་བྱུང་ཡོད། གཞན་ཡང་ཉེ་འཁྲིས་ཡུལ་མི་ཉམ་ཐག་གྲངས་ ༦༥༩ ལ་ཁྱབ་ཁོངས་དགོན་སྡེ་ནས་བཟའ་བཅའ་བགོ་འགྲེམས་རྒྱ་གང་ཆེ་ཞུས་ཡོད་བཅས་ཀྱི་གནས་ཚུལ་དུ།