ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཁང་ PeaceJam Foundation གི་ལོ་འཁོར་ཚོགས་འདུའི་སྟེང་མཉམ་ཞུགས་གནང་ཡོད།
དེ་ཡང་རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཁང་ཞེས་པ་ནི་ལོ་ངོ་ ༢༥ གོང་ཌ་ཝན་ Dwan ལགས་དང་ཨི་ཝན་ Ivan ལགས་རྣམ་གཉིས་ཀྱིས་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། ཐེབས་རྩ་ཁང་དེས་ཏཱ་ལའི་བླ་མ་ནི་ཚན་རིག་པ་ཞིག་རེད་ཅེས་གློག་བརྙན་བཟོས་ཡོད། ལོ་འཁོར་ཚོགས་འདུ་དེ་བཞིན་ཆུ་ཚོད་གསུམ་དང་ཕྱེད་ཀའི་རིང་གནད་དོན་ཁ་ཤས་ཀྱི་ཐོག་ཚོགས་ཡོད་པ་དང་། ཐེབས་རྩ་ཁང་གི་དམིགས་ཡུལ་གཙོ་བོ་ནི། འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་རྣམས་ཀྱི་ལམ་སྟོན་འོག་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་པར་གཞོན་སྐྱེས་རྣམས་ལ་གཞི་རྒྱ་ཆེ་བའི་ལམ་སྟོན་གྱི་ལས་འགུལ་སྤེལ་རྒྱུ་དེ་ཡིན།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས། གློག་བརྙན་འཁྲབ་ཁྲིད་པ་རྣམས་ནས་ཏཱ་ལའི་བླ་མ་ནི་ཚན་རིག་པ་ཞིག་རེད་ཅེས་པའི་གློག་བརྙན་དེ་ཧ་ཅང་སྤུས་དག་བཟོས་འདུག་པས་འཁྲབ་ཁྲིད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད། །