ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཀོཌ་པེ་རི་ Scott Perry མཆོག་གིས་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་ (H.R. 6948) ཞེས་པ་བསྣམས་འདུག ཁྲིམས་འཆར་དེ་བརྒྱུད་ཨ་རིའི་སྲིད་འཛིན་མཆོག་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དེར་རང་བཙན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་དགོས་པ་འཁོད་འདུག
དེ་ཡང་ཁོང་ནི་ཨ་རིའི་མངའ་སྡེ་པེན་སེལ་ཝེ་ནི་ཡ་ Pennsylvania ནས་ཡིན་པ་དང་། ཁྲིམས་འཆར་དེ་ནི་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་འདོན་སྤེལ་གནང་ཞིང་། ད་ལྟའི་ཆར་ཁྲིམས་འཆར་དེའི་རྒྱས་བཤད་ཡིག་ཆ་ལག་སོན་མ་བྱུང་།
སྐུ་ཞབས་ཁོང་ནི་དེ་སྔ་ཕྱི་ལོ་ ༢༠༡༩ ཟླ་ ༥ ནང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ ༣༢ ནས་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་ཆེད་འཛུགས་ཚོགས་ཆུང་བརྒྱུད་སྲིད་འཛིན་ཊོམ་མཆོག་ལ་ཞུ་སྙན་ཞིག་ཕུལ་བ་དང་། ཞུ་སྙན་དེའི་ནང་དུ་ཨ་རིའི་གཞུང་གིས་དེ་སྔ་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་ཆབ་སྲིད་ཚོགས་པ་ཐུན་མོང་གིས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༠༢ ཞེས་པ་དང་། བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་དགོས་པའི་གྲོས་ཆོད་ཁྲིམས་སུ་གཏན་འབེབས་ཟིན་པ་དེ་དག་སྲིད་འཛིན་མཆོག་ནས་ལག་བསྟར་གནང་དགོས་པ་མ་ཟད། ལྷག་པར་ཁྲིམས་ཡིག་དེ་དག་ནང་གི་འབྲུ་དོན་གལ་ཆེ་བ་རྣམས་ངེས་པར་ལག་བསྟར་དགོས་པ་གསལ་འདུག་པ་བཅས། །