ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ངལ་སེལ་ཛ་དྲག་ཚོགས་ཆུང་གིས་བཀའ་ཤག་ཚོགས་ཁང་དུ་ཝུ་ཧན་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་ཇི་སྤེལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་སྙན་སྒྲོན་ཞུས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་སོགས་མཉམ་ཞུགས་གནང་ཡོད།
དེ་ཡང་ཝུ་ཧན་ཏོག་དབྱིབས་གཉན་རིམས་ངལ་སེལ་ཛ་དྲག་ཚོགས་ཆུང་གི་ཚོགས་མི་རྣམས་ནས་བདུན་ཕྲག་འདིའི་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་དུག་སེལ་སྨན་ཆུ་གཏོར་བཞིན་པ་དང་། བོད་མི་ཚོ་ས་གནས་གཅིག་ནས་གཅིག་ལ་ཡོང་བཞིན་ཡོད་པར་བརྟེན། ས་གནས་ཁག་སོ་སོ་ནས་འགོག་དབྱེ་ཟུར་འཇོག་ཁང་མང་དུ་གཏོང་བཞིན་པའི་སྐོར་སྙན་སྒྲོན་ཞུས་པ་མ་ཟད། འཕྲོད་ལས་པ་ཚོར་ཉེན་འགོག་ཡོ་ཆས་མཁོ་སྤྲོད་དང་། ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སེམས་ཁམས་ཀྱི་དཀའ་ངལ་ཡོད་མཁན་རྣམས་ལ་སེམས་གསོ། ལུས་ཀྱི་ཚ་གྲངས་འཕར་ཡོད་མེད་བརྟག་དཔྱད། དགོས་ངེས་ཅན་རིགས་ལ་དབུས་བོད་ཀྱི་སྨན་རྩིས་ཁང་ནས་བཟོས་པའི་རིན་ཆེན་རིལ་བུ་སྨན་སྦྱིན་གནང་བ་སོགས་ལས་དོན་རྣམས་ཚགས་ཚུད་དང་འཐུས་ཤོར་མེད་པའི་ངང་སྤེལ་དང་སྤེལ་བཞིན་པའི་སྐོར་སྙན་སྒྲོན་ཞུས་རྗེས།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཝུ་ཧན་ཏོག་དབྱིབས་གཉན་རིམས་ངལ་སེལ་ཛ་དྲག་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཝུ་ཧན་ཏོག་དབྱིབས་གཉན་རིམས་ངལ་སེལ་ཛ་དྲག་ཚོགས་ཆུང་གི་དྲ་ཚིགས་ངོ་དེབ་བརྒྱུད་མང་ཚོགས་ལ་བརྒྱུད་སྤེལ་གང་མང་གནང་རོགས། ཞེས་དང་། གཞན་ཡང་སྨན་ཞབས་པ་ཚོ་བཙན་བྱོལ་བོད་རྣམས་ཀྱི་གཟུགས་གཞིའི་ཚ་གྲངས་བརྟག་དཔྱད་ཆེད་ཡོང་བའི་སྐབས་བརྟག་དཔྱད་བྱེད་འཇུག་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ནས་སྐུ་ལས་སྐྱོན་བཞིན་ཡོད་པ་དེ་དག་མང་ཚོགས་ནས་ཀྱང་མཁྱེན་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་སྐོར་གསུངས། །