ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༣ རེས་གཟའ་ཉི་མ།
༄༅། །དེང་སྐབས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་ཐེམ་སྤང་བཀའ་རྒྱ་བསྡམས་པར་བརྟེན་རྒྱ་གར་ཡུལ་མི་ཉམ་ཐག་སྤྱི་དང་། ལྷག་པར་བོད་མི་ཁག་གཅིག་ལ་གཏོང་ཕོད་ཅན་ཚོས་ཉིན་རེའི་བཟའ་འབྲུ་སོགས་ཀྱི་མཐུན་འགྱུར་སྦྱར་དང་སྦྱོར་བཞིན་པ་ནི་བཅོས་མིན་བསྔགས་འོས་ཀྱི་གནས་ཡིན། འོན་ཀྱང་སྐབས་འཚོལ་བ་རེ་བཟུང་གིས་བོད་མི་ཉམ་ཐག་ཁག་གཅིག་ལ་བཟའ་འབྲུ་སྦྱིན་སྐབས་ཀྱི་བརྙན་ཐུང་དེ་དག་ལོག་པར་སྤྱད་ནས་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱ་རྒྱུའི་ལག་ཆར་བཀོལ་སྤྱོད་བྱས་པ་མ་ཟད། རྒྱ་ནག་དམར་པོའི་སྲིད་གཞུང་ལའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མི་ཉམ་ཐག་ཚོར་མཐུན་འགྱུར་རོགས་རམ་གནང་མ་ཐུབ་པ་དང་།
ཕྱོགས་མཚུངས་རྒྱ་གར་དབུས་སའི་གཞུང་ནས་ཀྱང་བོད་མི་ཉམ་ཐག་ཚོར་ཛ་དྲག་ཆེ་བའི་དཀའ་ངལ་གྱི་དུས་སྐབས་སུ་ནད་པ་སྨན་པས་བོར་བ་ལྟར་བོར་ནས་མགོན་མེད་སྐྱབས་མེད་ཀྱི་གནས་སུ་ལྷུང་པ་ལྟ་བུ་ཡ་ང་བའི་རྣམ་པ་ཞིག་ཆེད་མངགས་བཟོ་བསྒྲིགས་བྱས་ནས་བརྒྱུད་བསྒྲགས་བྱ་རྒྱུའི་གོ་སྐབས་དངོས་ཤུགས་བརྒྱུད་ནས་བཟོ་བཞིན་ཡོད་པར་བརྟེན། སྐབས་འཕྲལ་དགོས་མཁོ་དུ་མར་གཟིགས་ནས་ཐེངས་འདིར་བོད་མིའི་སྒྲིག་འཛུགས་ནང་ཤེས་འཕྲོད་གསུམ་གྱི་འབྲེལ་ཡོད་དྲུང་ཆེ་རྣམ་པ་གསུམ་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་ནས་བོད་མི་ཉམ་ཐག་ཙམ་མ་ཟད། བོད་མི་མི་རབས་རྒན་པ་སོགས་ལའང་མཐུན་འགྱུར་རོགས་རམ་ཇི་ལྟར་སྦྱར་དང་སྦྱོར་བཞིན་ཡོད་པ་དང་། བོད་མི་རྒན་གཞོན་སུ་འདྲ་ཞིག་ཡིན་རུང་ཉམ་ཐག་གི་ཐོ་གཞུང་ནང་འཁོད་ཕྱིན་ཆད་སྐབས་འཕྲལ་དཀའ་ངལ་སེལ་རྒྱུ་ཙམ་མ་ཟད། ནད་ཀྱི་རྩ་བ་དྲུངས་ནས་འབྱིན་ཏེ་དུས་རྟག་ཏུ་ནད་ལས་གྲོལ་བའི་ཐབས་འཚོལ་ཕྱིར། ཕུགས་རྒྱང་རིང་པོའི་དགོངས་པ་རླབས་ཆེན་བཞེས་ནས་བོད་མི་དེ་དག་གི་འཚོ་རྟེན་ཕུགས་འཕེར་དང་། འཕྲོད་བསྟེན་ཡར་རྒྱས། ལྷག་པར་ཉམ་ཐག་གི་ཕྲུ་གུ་ཚོར། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། ཅེས་བརྗོད་སྲོལ་ཡོད་པ་ལྟར་ཤེས་ཡོན་གྱི་ནམ་འཕང་ཇི་ཙམ་བཅད་ཀྱང་གཅོད་ཐུབ་པའི་གོ་སྐབས་བཟང་པོ་ཞིག་ལོངས་སུ་སྤྱོད་ཐུབ་རྒྱུར་མཐུན་རྐྱེན་སྔར་སྲོལ་བཟང་པོ་རྒྱུན་སྐྱོང་གནང་བ་ཙམ་མ་ཟད། སྔར་མེད་གསར་གཏོད་ཀྱང་གང་འཚམས་ཐོག་མི་སྨོན་རང་སྐྱིད་ཀྱི་གནས་སྟངས་ཇི་ལྟར་ཡིན་པ་བོད་ཀྱི་བརྙན་འཕྲིན་ཚན་པའི་གསར་འགོད་པ་བསྟན་འཛིན་དབང་ཕྱུག་ལགས་ལ་དྲིས་ལན་གྱི་ཚུལ་དུ་གསལ་བཤད་གནང་ཡོད།
དེ་ཡང་གསར་འགོད་པས་ཐོག་མར་གསལ་བཤད་གནང་སྐབས་བོད་མིའི་སྒྲིག་འཛུགས་ནས་ཉམ་ཐག་དེ་དག་གི་མཚན་དངོས་སུ་སྤྱི་ཚོགས་ནང་སྨྲོས་མི་དགོས་པའི་རྒྱུ་མཚན་དུ་མ་ཡོད་ཅིང་། གཅིག་ནས་ཉམ་ཐག་རེད། ཅེས་མི་ག་གེ་མོ་ཞིག་གི་མིང་དངོས་སུ་སྨྲོས་པ་ཡིན་ན་སྤྱི་ཚོགས་ནང་མཐོང་ཚུལ་ཆག་པ་དང་། ཉམ་ཐག་དེ་དག་གི་ཕྲུ་གུ་ཚོ་འཚར་ལོངས་སྐབས་སྤྱི་ཚོགས་ཁྲོད་གཉའ་ཆགས་པ་སོགས་ཕྲུ་གུའི་སེམས་ཁམས་ལའང་གནོད་པ་སོགས་དགག་དགོས་དུ་མར་བརྟེན་ནས་ལངས་ཕྱོགས་དེ་ལྟར་རྒྱུན་སྐྱོང་བཞིན་ཡོད་ནའང་། ཕྱི་ཟླ་ ༤ ཚེས་ ༢༧ ཉིན་རྒྱ་ནག་གཞུང་གིས་གོ་ལའི་དུས་བབ་Global Times ཅེས་པའི་གཞུང་འབྲེལ་གསར་འགྱུར་ཚན་པ་བརྒྱུད་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ཉམ་ཐག་ཚོར་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཇེ་ཆེར་འགྲོ་བཞིན་པའི་ཛ་དྲག་དུས་སྐབས་འདིར་གཟིགས་སྐྱོང་མ་གནང་བའམ་ས་གནས་སུ་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པ་སོགས་ལ་བརྟེན་ནས་བོད་མི་རྣམས་རྒྱ་ནག་གམ་བོད་དུ་ཕྱིར་ལོག་བྱ་རྒྱུར་འདུན་པ་ཤུགས་ཆེ་ཡོད་པའི་རྣམ་འགྱུར་ཞིག་རྒྱལ་སྤྱིའི་སྤྱི་ཚོགས་སུ་བསྐྲུན་ཡོད། ཕྱོགས་མཚུངས་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གིས་བོད་མི་ཉམ་ཐག་ཚོར་བཅར་འདྲི་བྱས་པའི་བརྙན་ཐུང་རིགས་ལ་བོད་མི་ཁག་གཅིག་གིས་བེད་སྤྱོད་ལོག་པར་བཏང་བ་སོགས་ལ་བརྟེན་ནས་ད་ཐེངས་དྲུང་ཆེ་གསུམ་གྱི་ཆེད་མངགས་གསལ་བཤད་གནང་སྐོར་གསུངས།
དེའང་ཐོག་མར་གསར་འགོད་པའི་དྲི་བར་ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ཀྱིས་གསུང་དོན། ནང་སྲིད་ལས་ཁུངས་དང་ཐད་ཀར་འབྲེ
བོད་མིའི་བླ་ན་མེད་པའི་དབུ་ཁྲི
གཉིས་པ། རྡ་སར་མེ་གྷན་དུ་བཞུགས་པའི་འཆི་མེད་
ཕྱོགས་མཚུངས་བསྟ
གཞན་ཡང་མོན་གྷོ་གནས་སྡོད་ཡེ་ཤེས་དོན་
མོན་གྷོ་གཞིས་གྲོང་བཞི་པ་ཁང་གྲ
དེ་ནས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ནས་ཤེས་རིག་ཐོག་ཉམ་ཐག་ཚོར་མཐུན་འགྱུར་ཇི་ལྟར་སྦྱོར་བཞིན་པའི་ཐོག་གསལ་བཤད་གནང་དོན། ཤེས་རིག་ལས་ཁུངས་ཀྱི་འགན་གཙོ་བོ་དེ་བཙན་བྱོལ་བོད་མིའི་སློབ་ཕྲུག་ཚོའི་ཤེས་ཡོན་ལ་གཟིགས་སྐྱོང་གནང་རྒྱུ་རེད། ཤེས་རིག་ལས་ཁུངས་ཀྱི་ལོ་གཅིག་གི་ཤེས་ཡོན་དང་འབྲེལ་བའི་སྔོན་རྩིས་ལ་མཚོན་ན་ཧིན་སྒོར་ས་ཡ་ཉིས་བརྒྱ་ལྔ་བཅུ་ཙམ་ཆགས་ཡོད། དངུལ་ཕོན་ཆེ་བ་ཕྲུ་གུ་ཚོའི་ཤེས་ཡོན་དང་། ཉམ་ཐག་དང་འབྲེལ་བའི་འཚོ་སྣོན་ལས་གཞི། ཕྲུ་གུ་གསུམ་ཡན་གྱི་འཚོ་སྣོན་ལས་གཞི་བཅས་ལ་འགྲོ་གྲོན་ཧིན་སྒོར་ས་ཡ་ ༧༦ ཙམ་ཆགས་འདུག དེའི་ཁོངས་སུ་ཉམ་ཐག་སློབ་ཕྲུག་ཁག་རིན་མེད་སློབ་འཇུག་བྱེད་དགོས་པ། འཛིན་གྲྭ་ལྔ་པ་མན་གྱི་ཕྲུ་གུ་ནང་དུ་ཕ་མ་ཉམ་ཐག་གིས་ཉར་དགོས་རིགས་ལ་འཚོ་སྣོན་གནང་རྒྱུ། ད་ལྟ་ཤེས་རིག་ལས་ཁུངས་ལ་ཉམ་ཐག་ཨང་ཐོབ་ཅན་གྲངས་ ༢༩༧ ཡོད། དེ་དག་ཁག་གཅིག་ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་གཟིགས་སྐྱོང་གནང་བཞིན་ཡོད། ཁག་གཅིག་རྡ་ས་བོད་ཁྱིམ་དང་། མ་སུ་རི་བོད་ཁྱིམ་བཅས་ཀྱིས་གཟིགས་སྐྱོང་གནང་བཞིན་ཡོད། ཉམ་ཐག་གྲངས་ ༢༩༧ ལས་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་གྲངས་ ༨༡ ལ་གཟིགས་སྐྱོང་གནང་བཞིན་ཡོད།
དེ་བཞིན་བོད་ཁྱིམ་གྱིས་ཉམ་ཐག་ཨང་ཐོབ་ཅན་གྲངས་ ༡༢༩ དང་མ་སུ་རི་བོད་ཁྱིམ་ནས་ཉམ་ཐག་གྲངས་ ༨༧ ལ་གཟིགས་སྐྱོང་གནང་བཞིན་ཡོད་པ་དེ་དག་མང་པོ་ཞིག་ལ་ང་ཚོས་རིན་མེད་གཟིགས་སྐྱོང་གནང་བཞིན་པ་དང་། ཉིན་མོའི་སློབ་གྲྭ་ཡིན་ན་ཕྲུ་གུ་རེ་རེར་ཤེས་རིག་ལས་ཁུངས་ཀྱི་འཚོ་སྣོན་གྱི་དོད་སྒོར་ ༡༠༠༠ འབུལ་བཞིན་ཡོད། ཕྱོགས་མཚུངས་རྡ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་ནས་ཀྱང་ཕྲུ་གུ་ཚོར་ལག་དངུལ་ཅི་རིགས་འབུལ་བཞིན་འདུག ཤེས་རིག་ལས་ཁུངས་ཀྱིས་ཕྲུ་གུ་གསུམ་ཡན་ལ་བཀའ་ཤག་གི་ལམ་སྟོན་ལྟར་གཟིགས་སྐྱོང་གནང་སྟངས་དེ་ད་ལྟའི་ཆར་ཕྲུ་གུ་ ༥༥༤ འདུག དེར་དབྱེ་བ་གཉིས་ཡོད། ཕྱི་ལོ་ ༢༠༡༤ གོང་ལ་སྐྱེས་པའི་ཕྲུ་གུ་ཐོ་གཞུང་འདིའི་ཁོངས་སུ་ཡོད་རིགས་ལ་ཟླ་རེར་ཧིན་སྒོར་ ༣༠༠ ཐམ་པ་འབུལ་བཞིན་ཡོད། ཕྱི་ལོ་ ༢༠༡༤ རྗེས་སུ་སྐྱེས་པའི་ཕྲུ་གུ་གསུམ་ཡན་ཡོད་པའི་ཁྱིམ་ཚང་རྣམས་ལ་ཟླ་རེར་ཧིན་སྒོར་ ༥༠༠ འབུལ་བཞིན་ཡོད། སློབ་གྲྭ་ཐོོན་རྗེས་མཐོ་སློབ་ཏུ་སྐྱོད་སྐབས་འཛིན་རིམ་བཅུ་གཉིས་ནང་ཡིག་རྒྱུགས་བརྒྱ་ཆ་ ༦༠ ལོན་ཡོད་ན། ལོ་གཅིག་ལ་ཧིན་སྒོར་འཕར་མ་ ༡༠༠༠༠ ཐམ་པ་གནང་བཞིན་ཡོད།
ད་ལྟ་མཐོ་སློབ་ཁག་ཏུ་ཉམ་ཐག་ཡིན་པའི་སློབ་མ་ ༨༥ ཡོད། སློབ་གྲྭའི་སྐབས་སུ་ཤེས་རིག་སློབ་ཡོན་གནང་བ་མ་ཟད། འཛིན་རིམ་བཅུ་གཉིས་སྐབས་བརྒྱ་ཆ་ ༤༠ ལས་མ་ལོན་ཡང་ཉམ་ཐག་དེ་རིགས་ཀྱི་སློབ་ཕྲུག་རྣམས་ལ་ང་ཚོས་སློབ་ཡོན་འབུལ་བཞིན་ཡོད། མཐོ་སློབ་འཚོལ་སྐབས་སུའང་ལམ་གྲོན་སོགས་ཀྱི་ཆེད་ཧིན་སྒོར་ ༥༠༠༠ འབུལ་བཞིན་ཡོད། མཐོ་སློབ་ཏུ་ཚུད་རྗེས་ལོ་དང་པོ་དང་གཉིས་པ། གསུམ་པའི་སྐབས་སྒོར་ ༤༠༠༠ འབུལ་བཞིན་ཡོད། དེ་ནས་སློབ་ཕྲུག་དེའི་ལོ་རེའི་ཤེས་ཡོན་གྱི་གྲུབ་འབྲས་ལ་གཞིགས་པའི་ང་ཚོས་སློབ་ཡོན་སྤར་བཞིན་ཡོད། གྲུབ་འབྲས་བརྒྱ་ཆ་ ༩༠ ཡན་ལོན་པ་ཡིན་ན་ཤེས་རིག་ལས་ཁུངས་ནས་ཧིན་སྒོར་འབུམ་གཅིག་ཙམ་འབུལ་གྱི་ཡོད། ཉམ་ཐག་སློབ་ཕྲུག་དེ་དག་ལོ་རེ་བཞིན་ཤེས་རིག་སློབ་ཡོན་ཡོད་པའི་ཁར་ཧིན་སྒོར་ ༥༠༠༠ རེ་འབུལ་བཞིན་ཡོད། ཀྲུ་ཀྲིང་དང་དང་ཤ་ཝ་ར་གསུམ་ལྟ་བུ་མཐའ་མཚམས་ནས་ཡིན་པའི་ཕྲུ་གུ་ཚོར་གུན་ཁའི་གུང་སེང་སྐབས་ལམ་གྲོན་འབུལ་བཞིན་ཡོད། སློབ་གྲྭར་ཡོད་སྐབས་ལག་དངུལ་ཡང་འབུལ་བཞིན་ཡོད།
སྦིར་གནས་སྡོད་པ་སངས་སྒྲོལ་མ་ལ་མཚོན་ན། བུ་མོ་རྒན་ཤོས་བསྟན་འཛིན་དབྱངས་སྐྱིད་རེད། ཤེས་རིག་ལས་ཁུངས་ཀྱི་ཉམ་ཐག་ཨང་ཐོབ་ཅན་ཁོངས་སུ་འདུག མོ་ལ་མཚོན་ན་འཛིན་རིམ་བཅུ་པ་བར་དུ་བོད་ཁྱིམ་ཅོན་ཏ་ར་སློབ་གྲྭ་སློབ་སྦྱོང་བྱས་འདུག འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་སུ་ཇ་བོད་ཁྱིམ་དུ་སློབ་སྦྱོང་གནང་འདུག ད་ལྟ་རིན་མེད་ཐོག་བོད་ཁྱིམ་སེ་ལ་ཁུའི་ལས་རིགས་སློབ་གཉེར་ཁང་ནང་དྲུང་ཡིག་གི་སློབ་སྦྱོང་བྱེད་མུས་རེད་འདུག ཕྲུ་གུ་ཆུང་ཤོས་བསྟན་འཛིན་ཆོས་དར་ཡིན་ནའང་ཉམ་ཐག་ཨང་ཐོབ་ཅན་གྱི་ཁོངས་རེད། ད་ལྟ་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ནང་རིན་མེད་སློབ་སྦྱོང་གནང་མུས་རེད། བུ་མོ་འབྲིང་བ་ད་ལྟ་སེ་ལ་ཁུའི་ལ་སློབ་སྦྱོང་གནང་བཞིན་འདུག
རྡ་སའི་བསྟན་འཛིན་མཚོ་མོར་མཚོན་ན། བུ་མོ་རྒན་པ་ནི་གྷོ་པལ་པུར་བོད་ཁྱིམ་ནང་རིན་མེད་ཐོག་ནས་སློབ་སྦྱོང་གནང་བཞིན་འདུག ནང་མི་དེར་ཕྲུ་གུ་གསུམ་འདུག ཉེ་ལམ་ཕྲུ་གུ་གསུམ་ཡན་གྱི་ཐོ་གཞུང་ནང་གཞག་རོགས་ཞུས་པར་འདི་ལས་ནས་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ནས་ངོས་སྦྱོར་དགོས་སྐོར་བརྗོད་པ་ལྟར་ཉེ་ལམ་ཉིན་གཉིས་གོང་ཙམ་ལ་ངོས་སྦྱོར་ཡི་གེ་འདིར་ཕུལ་བྱུང་། དེར་བརྟེན་ཕྲུ་གུ་ཆུང་བ་དེར་ཤེས་རིག་ལས་ཁུངས་ཀྱི་ཕྲུ་གུ་གསུམ་དང་གསུམ་ཡན་གྱི་རོགས་རམ་ལས་གཞིའི་ནང་ཚུད་རྒྱུ་རེད། ཅེས་ཞུ་རྒྱུ་ཡིན།
མོན་གྷོ་ཡེ་ཤེས་དོན་གྲུབ་ལ་མཚོན་ན། ཤེས་རིག་ལས་ཁུངས་ཀྱི་ཕྲུ་གུ་གསུམ་དང་གསུམ་ཡན་གྱི་ལས་གཞིའི་ཁོངས་ནས་ཕྱག་དངུལ་ཐོབ་བཞིན་པ་རེད་འདུག དཔེར་ན། བསྟན་འཛིན་རྡོ་རྗེར་ཕྱི་ལོ་ ༢༠༡༦ ནས་ད་བར་ཟླ་རེར་ཧིན་སྒོར་ ༥༠༠ ཐོབ་བཞིན་ཡོད། བསྟན་འཛིན་ཆོས་འཛིན་ལ་ཕྱི་ལོ་ ༢༠༡༦ ནས་ད་བར་ཧིན་སྒོར་ ༣༠༠ ཐོབ་བཞིན་པ་དང་། བསྟན་འཛིན་རིགས་བཟང་ལ་མཚོན་ན་ཕྱི་ལོ་ ༢༠༡༦ ནས་ཟླ་རེར་ཧིན་སྒོར་ ༣༠༠ ཐོབ་མུས་རེད། སྒྲོལ་མར་མཚོན་ན་ཕྱི་ལོ་ ༢༠༡༨ ནས་ཟླ་རེར་ཧིན་སྒོར་ ༥༠༠ ཐོབ་བཞིན་ཡོད།
ཕྱི་ལོ་ ༢༠༡༤ གོང་དུ་སྐྱེས་པ་ཡིན་ན་ཟླ་རེར་འཚོ་སྣོན་སྒོར་ ༣༠༠ རེད། ཕྱི་ལོ་ ༢༠༡༤ རྗེས་སུ་སྐྱེས་པའི་ཕྲུ་གུ་ཡིན་པ་གང་ཞིག་ཕྲུ་གུ་གསུམ་མམ་གསུམ་ཡན་གྱི་ཉམ་ཐག་ཐོ་གཞུང་ནང་ཚུད་པ་ཡིན་ན་ཟླ་རེར་ཧིན་སྒོར་ ༥༠༠ འབུལ་བཞིན་པ་རེད། མཐོ་སློབ་འགྲིམས་སྐབས་ཤེས་རིག་ལས་ཁུངས་ནས་གཟིགས་སྐྱོང་གནང་དགོས་ཆ་ཚང་གནང་མུས་རེད། དེ་ནས་བཀྲ་ཤིས་བསམ་གྲུབ་ལ་མཚོན་ན། བུ་མོ་ཆུང་ཤོས་དེ་ཤེས་རིག་གི་ཉམ་ཐག་ཨང་ཐོབ་ཅན་ནང་འདུག ད་ལྟ་མོན་གྷོ་ཉོན་མོའི་སློབ་གྲྭ་འགྲོ་མུས་དང་། སློབ་ཡོན་རིན་མེད་ཐོག་སློབ་གྲྭ་འགྲིམ་བཞིན་པ་རེད། ཅེས་གསལ་བཤད་གནང་འདུག
དེ་ནས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསལ་བཤད་གནང་དོན། སྤྱིར་འཕྲོད་བསྟེན་ལས་ཁུངས་ལ་སྡེ་ཚན་མང་པོ་ཡོད་པའི་ནང་ནས་སྡེ་ཚན་ ༡༣ ཐད་ཀར་ཉམ་ཐག་དང་མི་མང་ལ་འབྲེལ་བ་ཡོད་པ་ཤ་སྟག་རེད། ཉམ་ཐག་ཨང་ཐོབ་ཅན་མི་གྲངས་ ༧༦༣ ཙམ་ཡོད་པ་དེ་དག་ལ་ལོ་རེར་སྨན་བཅོས་འགྲོ་གྲོན་སླད་སྒོར་འབུམ་ཉི་ཤུ་རྩ་གསུམ་ལྷག་ཙམ་བཏང་ཡོད། དེ་བཞིན་སྨན་བཅོས་ལྟ་སྐྱོང་ལས་གཞི་ཆེད་ལོ་རེར་འབུམ་བདུན་ཅུ་ཙམ་ཉམ་ཐག་དང་། གཉན་ནད་རེག་དུག་ནད་པ། སེམས་ཁམས་ནད་པ། བོད་ནས་གསར་དུ་ཕེབས་པ། གྲྭ་བཙུན་བཅས་ཀྱི་ཁོངས་ནས་བསྡུ་ཆ་སྡུད་མ་ཐུབ་མཁན་རྣམས་ལ་དེ་ནས་སྡུད་ཀྱི་ཡོད་པ་རེད། ན་ནིང་ལོར་འབུམ་བདུན་ཅུ་རེད། ལོ་ལྟར་ཇེ་མང་དུ་འགྲོ་བཞིན་ཡོད། དེ་བཞིན་མཆིན་ནད་དུག་ཐབས་ཁ་པ་ Hep B ན་ཚ་ཡོད་མཁན་ཉམ་ཐག་ཡོངས་ལ་ལྟ་སྐྱོང་བྱེད་དགོས་སྟབས། འདི་ལོར་སྨན་བཅོས་དང་བརྟག་དཔྱད་སླད་འབུམ་དགུ་བཅུ་ཙམ་འགྲོ་གྲོན་བཏང་འདུག
དེ་བཞིན་ཕོ་བའི་ནང་འབུ་ཡོད་མེད་བརྟག་དཔྱད་སླད་འབུམ་བཞི་མ་ཟིན་ཙམ་འགྲོ་གྲོན་ཕྱིན་ཡོད། གཉན་ནད་རེག་དུག་HIV ནད་པ་ཕལ་ཆེ་བ་ཉམ་ཐག་ཡིན་པ་རེད། དེ་དག་སྡེ་ཚན་གསུམ་དུ་དབྱེ་ནས་ལོ་རེར་འབུམ་བཅུ་དྲུག་མ་ཟིན་ཙམ་འགྲོ་གྲོན་གཏོང་བཞིན་འདུག དེ་བཞིན་མྱོས་རྫས་ལང་ཤོར་རྣམས་ལ་ལོ་རེར་འབུམ་བཅུ་བཞི་མ་ཟིན་ཙམ་འགྲོ་གྲོན་གཏོང་བཞིན་འདུག འགྲོ་གྲོན་དེ་དག་རྩིས་ལོ་རེ་རེའི་ནང་ཇེ་མང་དུ་ཕྱིན་པ་མ་གཏོགས་ཉུང་དུ་འགྲོ་ཡི་མི་འདུག
གཞན་ཡང་དེང་སྐབས་ཉམ་ཐག་དང་གཞོན་སྐྱེས་ཁོངས་སེམས་ཁམས་མི་བདེ་བའི་གནས་ཚུལ་མང་དག་ཅིག་ཡོང་གི་ཡོད་སྟབས། དེ་དག་ལ་ལོ་རེར་འབུམ་ཉི་ཤུ་རྩ་བཞི་ཙམ་འགྲོ་གྲོན་དང་། དེ་བཞིན་ཊི་བི་གློ་ནད་ནང་ནས་ MDR ཞེས་པ་དེ་ཧ་ཅང་ཉེན་ཁ་ཆེན་པོ་དང་འགྲོ་གྲོན་ཡང་ཧ་ཅང་ཕོན་ཆེན་པོ་རེད། ནད་པ་རེར་སྨན་གྲོན་འབུམ་ཕྲག་འགྲོ་གི་ཡོད། ཉམ་ཐག་ནད་པ་དེ་དག་ལ་འབུམ་ཉི་ཤུ་རྩ་གཉིས་ཙམ་འགྲོ་གྲོན་གཏོང་གི་འདུག མ་དང་བྱིས་པའི་འཕྲོད་བསྟེན་ལས་གཞིའི་འོག་མངལ་ཆགས་པའི་བུད་མེད་ཉམ་ཐག་དང་། ཕྲུ་གུ་ཉམ་ཐག་རྣམས་ལ་ལོ་རེར་འབུམ་ ༥༨་་༥༩ ཙམ་འགྲོ་གྲོན་གཏོང་བཞིན་འདུག
སྡེ་ཚན་ ༡༣ ནང་ནས་འབྲེལ་བ་མེད་པ་དེ་ཆབ་སྲིད་བཙོན་ཟུར་རྣམས་རེད། གཞན་ཡང་དམིགས་བསལ་དགོས་མཁོ་ཅན་གྱི་ལས་གཞིའི་ནང་འབུམ་བཅོ་བརྒྱད་ཙམ་འགྲོ་གྲོན་གཏོང་བཞིན་འདུག དེ་བཞིན་མཛེ་ནད་ཉམ་ཐག་བཞི་ལྔ་ཙམ་ཡོད་པ་དེ་དག་ལའང་སྨན་བཅོས་ལྟ་སྐྱོང་དང་འཚོ་སྣོན་ཟུར་དུ་གནང་བཞིན་འདུག ཉམ་ཐག་རྣམས་ལ་གསང་སྤྱོད་བརྒྱག་རྒྱུ་དང་ཆུ་འཐེན་རྒྱུའི་སླད་འགྲོ་གྲོན་འབུམ་ ༡༡༩ བཅས་རྩིས་ལོ་༢༠༡༩་་༢༠༢༠ ནང་ཁྱོན་བསྡོམས་འབུམ་ ༤༣༡ ཙམ་འཕྲོད་བསྟེན་ལས་ཁུངས་ཉམ་ཐག་ཡོངས་ལ་འགྲོ་གྲོན་བཏང་འདུག སྔ་ལོ་ཡིན་ན་འབུམ་ ༢༨༣ ཙམ་འགྲོ་གྲོན་བཏང་འདུག རྩིས་ལོ་ ༢༠༡༧་་༢༠༡༨ ལོར་འབུམ་ ༡༡༩ འགྲོ་གྲོན་བཏང་འདུག དེ་ལྟར་རྩིས་ལོ་རེར་ཉིས་ལྡབ་འཕར་བའི་ཐོག་ནས་འཕྲོད་བསྟེན་ལས་ཁུངས་ནས་ཞབས་འདེགས་ཞུས་ཡོད་ཅེས་ཞུ་རྒྱུ་ཡིན།
འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བ་ཡོད་པ་གོང་དུ་མཚན་སྨོས་ཟིན་པ་ནི་པ་སངས་ལྷ་མོ་རེད་འདུག མོ་རང་ཛ་དྲག་ཆེ་བའི་ནད་ཀྱིས་ཐེངས་གཉིས་མནར་འདུག ཅཱན་དི་སྒར་སྨན་ཁང་དུ་སྨན་བཅོས་ཆེད་འགྲོ་གྲོན་འབུམ་མང་པོ་འཕྲོད་བསྟེན་ནས་བཏང་གནང་འདུག གོང་དུ་མཚན་སྨོས་ཟིན་པའི་བོད་མི་གཞན་རྣམས་འཕྲོད་བསྟེན་ལས་ཁུངས་ཀྱི་ཉམ་ཐག་ཨང་ཐོབ་ཁོངས་མི་འདུག
རྒྱ་ནག་གཞུང་གིས་དེ་སྔ་ནས་ཆོལ་ཁ་དང་ཆོས་ལུགས་ནང་ཁུལ་དཀྲུག་ཐབས་བྱེད་ཀྱི་ཡོད། དེང་སྐབས་སྤྱི་ཚོགས་དྲ་རྒྱ་བརྒྱུད་དཀྲུག་རྒྱུ་ཁོ་པ་ཚོའི་དམིགས་ཡུལ་རེད། རྒྱ་ནག་གཞུང་འབྲེལ་གསར་ཁང་ Global Times ཟེར་བས་ཝུ་ཧན་ཏོག་དབྱིབས་གཉན་རིམས་ ༡༩ འདི་གོ་སྐབས་བཟུང་ནས་རྩོམ་ཡིག་སྤེལ་བ་དང་། འདི་ནས་སྤྱི་ཚོགས་དྲ་རྒྱའི་ནང་བརྙན་ཐུང་གཏོང་གི་ཡོད་པ། དེ་བཞིན་སྤྱི་ཚོགས་དྲ་རྒྱའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པར་དམིགས་ཡུལ་ངེས་ཅན་གྱི་ཐོག་ནས་ཚིག་རྩུབ་བཤད་པ་དེ་འདྲ་རེད། ཉམ་ཐག་དེ་དག་ལ་ཐུགས་ཁག་མེད། དངུལ་ཕྲན་བུ་ཐོབ་ཀྱི་རེད་སྙམ་སྟེ་པར་བརྒྱབ་བཅུག་པ་རེད། ཏོག་དབྱིབས་གཉན་རིམས་འདི་གོ་སྐབས་བཟུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དང་། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལ་ཁ་གཏོང་རྒྱུའི་གཞི་སྐྲུན་གྱི་ཡོད་པ་དེར་ང་རང་ལ་མཚོན་ན་སེམས་ནང་ཚོར་བ་ཤུགས་ཆེ་ཞིག་སྐྱེ་བྱུང་། མི་མང་ཚོས་དེར་མགོ་བོ་རྨོངས་པ་ཡིན་ན་ལྐུགས་པ་རེད། དེར་བརྟེན་ཚང་མས་ཡིད་གཟབ་གནང་གལ་ཤིན་ཏུ་ཆེ་ཞེས་གསུངས།།