༢༠༢༠ ཟླ་ ༥ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་དགུང་ལོ་ ༨༢ ལ་ཕེབས་པའི་བོད་པའི་བཙུན་མ་ཞིག་ཉེ་ཆར་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༢ དང་བོད་ཟླ་ ༣ ཚེས་ ༣༠ སྟེ་གནམ་གང་ཉིན་དགོངས་པ་རྫོགས་ནས་ཐུགས་དམ་གསལ་འདྲོངས་བཞུགས་པ་མ་ཟད། སྐུ་ཕུང་གི་ཉེ་འཁོར་ལ་ཚུལ་ཁྲིམས་ཀྱི་དྲི་བཟང་ཐུལ་ལེ་བ་ཁྱབ་པ་བྱུང་ཡོད་འདུག་པ་དང་། བཙུན་མ་ཁོང་གི་མཚན་ལ་བསྟན་འཛིན་ཆོས་སྒྲོན་དང་ཡོངས་གྲགས་སུ་ཨ་ནེ་བསྟན་འཛིན་ཞེས་འདས་པའི་མི་ལོ་ ༤༤ ཙམ་རིང་སློབ་དཔོན་སངས་རྒྱས་གཉིས་པའི་གནས་མཆོག་ཟ་ཧོར་མཚོ་པདྨར་བསྙེན་མཚམས་སོགས་སྒྲུབ་པ་ཉམས་ལེན་གཅིག་ཏུ་གཞོལ་མཁན་ཆོས་པ་ཡང་དག་ཅིག་ཡིན་འདུག་ཅིང་། ཁོང་གི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་ཟུར་གསལ་ལྟར་ཡིན།
ད་ལམ་གནས་ཚུལ་འདི་འགོད་སྤེལ་ཞུས་དོན་ནི། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་བོད་བརྒྱུད་ནང་བསྟན་ཞེས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཚང་བ་འདི་ཉིད་ཀྱི་ཆེ་བ་སྟོན་སླད་དང་། ཁྱད་པར་ལོ་མང་གོང་ནས་༸རྒྱལ་བའི་བཀའ་དགོངས་གཞིར་བཟུང་ཆོས་པ་ཉམས་ལེན་ཚད་སོན་རིགས་དང་། འདས་གྲོངས་སྐབས་ཐུགས་དམ་གསལ་འདྲོངས་བཞུགས་མཁན་རིགས་ལ་དེང་རབས་ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད་ནང་དོན་རིག་པའི་ཁྱད་ཆོས་དུ་མར་ངོས་འཛིན་འཐོབ་བཞིན་ཡོད་པ། དེ་བཞིན་ཆོས་པ་དོ་བདག་སོ་སོའི་ཆོད་སེམས་དང་བརྩོན་འགྲུས་ཀྱིས་ལྕོགས་ན་མདོ་སྔགས་ཀྱི་ཟབ་ཆོས་གང་ལའང་ཕོ་མོ་དང་རིགས་རུས་སོགས་ཀྱི་དབྱེ་བ་མེད་པའི་དཔེ་མཚོན་སླད་བཀོད་པ་ཞིག་ཡིན། སླད་ནས་ཀྱང་དེ་འདྲའི་གནས་ཚུལ་ཇི་བྱུང་འདི་གར་གནང་སྤྲོད་བྱུང་ཚེ་འགོད་སྤེལ་ཞུ་རྒྱུ་ཡིན།
བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས།
བཙུན་མ་བསྟན་འཛིན་ཆོས་སྒྲོན་ལགས། ཡོངས་གྲགས་སུ་ཨ་ནེ་བསྟན་འཛིན་ཞུ་བ་ནི། ཕྱི་ལོ་ ༡༩༣༩ བོད་ས་ཡོས་ལོར་བྱང་གནམ་རུ་རིང་པ་དཔོན་ཚང་གི་སྲས་མོར་སྐུ་འཁྲུངས་ཤིང་། བྱིས་པའི་དུས་ནས་བྱམས་པ་དང་སྙིང་རྗེ་ཆེ་བ་སོགས་དམ་པའི་རང་རྟགས་མང་པོ་ལྷན་སྐྱེས་སུ་ཡོད་པ་ཞིག་ཡིན་པ་དང་། ཕ་མ་གཉིས་ལ་རིང་ནས་ཞུ་བསྐུལ་གནང་བ་བཞིན་དགུང་ལོ་བཅུ་གསུམ་ཐོག་རབ་ཏུ་བྱུང་སྟེ་སྟོད་ལུང་འཆི་མེད་གླིང་ཞེས་པའི་རི་བོ་དགེ་ལྡན་པའི་དགོན་པ་ཞིག་ཏུ་ཆོས་ཞུགས་གནང་། དེ་ནས་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ཏེ་བལ་ཡུལ་པོག་ར་བཀྲ་ཤིས་དཔལ་འཁྱིལ་གཞིས་ཆགས་སུ་ལོ་ཤས་བཞུགས་ནས་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་བླ་མ་སྒྲུབ་སེང་རིན་པོ་ཆེའི་ཞབས་ལ་གཏུགས་ནས་ཟབ་ཆོས་མང་པོ་གསན། དེ་རྗེས་རྒྱ་གར་དུ་ཕེབས་ནས་ཏི་ལོག་པུར་ཀརྨ་སྒྲུབ་བརྒྱུད་དར་རྒྱས་གླིང་བཙུན་དགོན་དུ་ཕེབས་ནས་ལོ་དགུ་ཙམ་བཞུགས་རིང་དགོན་པའི་ཕྱི་ནང་འགན་ཁུར་འགའ་རེ་བཞེས། དེ་ནས་ཚེ་གང་སྒྲུབ་པ་ལ་བརྩོན་པར་དགོངས་ཏེ་ཕྱི་ལོ་ ༡༩༧༦ ཡས་མས་ལ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝའི་གནས་མཆོག་མཚོ་པདྨར་ཕེབས་ནས་ཉེ་སྔོན་ཕྱི་ལོ་ ༢༠༢༠ ཟླ་ ༣ བར་མི་ལོ་ ༤༤ ཙམ་རིང་གནས་དེ་ཉིད་དུ་བཅའ་བཞུགས་གནང་ནས་རང་དོན་དུ་མཚམས་བསྙེན་སྒོམ་སྒྲུབ་ཉམས་བཞེས་དང་གཞན་དོན་དུ་འགྲོ་ཕན་གྱི་བྱ་བ་སྣ་ཚོགས་བཅས་མདོར་ན་ཉིན་མཚན་ཀུན་ཏུ་དོན་གཉིས་ཕུན་སུམ་ཚོགས་པའི་བྱ་བ་འབའ་ཞིག་ལ་གཞོལ་བར་མཛད། གཞན་ཡང་གར་ཞྭ་འཕགས་པས་གཙོས་པའི་གནས་ཆེན་རྣམས་སུ་སྨྱུང་གནས་ཆ་ཆིག་སྟོང་སུམ་བརྒྱ་ལྷག་སྨིན་འཁྱོལ་མཛད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ། ༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ། ༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། ༸སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། རྫོགས་ཆེན་མཁན་པོ་བློ་གྲོས་དྲི་མེད་རིན་པོ་ཆེ་སོགས་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་དྲུང་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྐོར་དུ་མ་ཞུས་གསན་གནང་ཞིང་། དེའང་གསན་པ་ཙམ་དུ་མ་བཞག་པར་ཆོས་དང་བླ་མའི་དམ་ཚིག་ཕྲ་མོ་ཚུན་ཆད་མིག་འབྲས་བཞིན་དུ་བསྲུངས་ཏེ་ཐོས་དོན་སྒྲུབ་ལ་རྩེ་གཅིག་གཞོལ་བའི་རྣམ་ཐར་བཟང་པོ་བསྐྱངས། ཟླ་ཤས་གོང་ནས་བསྙུན་མནར་འཕྲོད་བཞེས་གནང་མུར། ད་ལམ་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༢ བོད་ཟླ་ ༣ པའི་གནམ་གང་སྟེ་ཚེས་ ༣༠ སྔ་དྲོ་ཆུ་ཚོད་ ༡༠ ཐོག་རང་ལོ་ ༨༢ སྟེང་འཕགས་ཡུལ་ལྷོ་ཕྱོགས་ཀོ་ལེ་གྷལ་བོད་མིའི་གཞིས་ཆགས་དོན་ལྡན་གླིང་དུ་སྐུ་ཚེའི་འཕེན་པ་རྫོགས་ཏེ། ཉེ་འཁོར་ཚང་མ་དད་པ་དང་ངོ་མཚར་གྱི་གནས་ལ་འགོད་པའི་འོད་གསལ་གྱི་ངང་དུ་ཐུགས་དམ་བརྟན་པོར་བཞུགས་ཡོད་པ་དང་། སྐུ་ཕུང་གི་ཉེ་འཁོར་དུ་ཚུལ་ཁྲིམས་ཀྱི་དྲི་བཟང་ཐུལ་ལེ་བ་ཁྱབ་པ་བྱུང་བ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ།། །།