ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་ལས་གཞི་སྤེལ་དོན།
༡༽ ལས་ཁུངས་དང་གཞིས་ཆགས་ཁག་ནང་དུག་སེལ་ Sanatize ཞུ་ཆེད་ཀྱི་ཡོ་ཆས་ཁག་གསར་ཉོ་ཡིས་བདུན་རེའམ་བདུན་གཉིས་རེ་མཚམས་ལས་དོན་སྤེལ་མུས་སུ་ཡོད།
༢༽ ས་གནས་སོ་སོའི་གནས་སྟངས་དང་མཐུན་རྐྱེན་ལ་གཞིགས་པའི་ནད་པ་འོར་འདྲེན་གྱི་སྣུམ་འཁོར་གྲ་སྒྲིག་ཡོད། གཞིས་ཁག་ནང་ནད་མནར་དེ་རིགས་བྱུང་ཚེ་གནས་ཡུལ་མངའ་སྡེ་སོ་སོའི་བསྟེན་གཏུག་བྱ་ཡུལ་སྨན་ཁང་ནས་མཐུན་འགྱུར་བྱ་རྒྱུའི་ཞལ་བཞེས་བྱུང་ཡོད་པ་དང་། འབྲེལ་ཆགས་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་བཅས་ཀྱི་ཞལ་དཔར་ཨང་གྲངས་ལེན་གནང་བྱུང་ཡོད།
༣༽ ས་གནས་ཚང་མའི་ནང་ཟུར་བཀག་བྱ་ཡུལ་སྡོད་ཁང་དང་། དེའི་ནང་གི་དགོས་མཁོའི་ཉེན་སྲུང་ཡོ་ཆས་ (PPE) དང་ལྟ་རྟོག་པ་བཅས་ཡོད།
༤༽ ས་གནས་སོ་སོའི་ནང་ཛ་དྲག་ཏོག་དབྱིབས་སྔོན་འགོག་ཚོགས་ཆུང་ཡོད་མུས་ཐོག་དབུས་ནས་ལམ་སྟོན་ཇི་ཕེབས་བཞིན་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་མུས་དང་། ས་འགོ་རྣམས་ནས་འགན་ཁུར་གྱིས་མང་ཚོགས་ལ་དུས་ནས་དུས་སུ་ཏོག་དབྱིབས་སྔོན་འགོག་དང་འབྲེལ་བའི་གོ་རྟོགས་དང་། ལྷག་པར་དུ་རྒྱ་གར་དབུས་དང་མངའ་གཞུང་། བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་དྲུང་ཡིག་ཚང་བཅས་ཀྱི་འཛིན་སྐྱོང་བཀོད་ཁྱབ་ཇི་ཕེབས་ཁག་ལག་བསྟར་དགོས་པའི་གསལ་བསྒྲགས་གནང་མུས་སུ་ཡོད།
༥༽ རྒྱ་གར་རྒྱལ་ཡོངས་ཐེམ་སྤང་བཀའ་རྒྱའི་དུས་ཡུན་དེའི་ནང་གཞིས་མི་ཉམ་ཐག་དང་ས་གནས་ཀྱི་ཉེ་འཁྲིའི་དབུལ་ཕོངས་དག་ལ་བཟའ་བཅའ་མཐུན་འགྱུར་གནང་དགོས་པའི་འདི་ནས་འཛིན་སྐྱོང་བཀོད་ཁྱབ་སོང་དོན་བཞིན། ཁྱབ་ཁོངས་ས་གནས་འགོ་འཛིན་སོ་སོའི་སྣེ་ཁྲིད་འོག་དགོན་སྡེ་གྲྭ་ཚང་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ནས་ད་བར་ཁྱོན་གཞིས་མི་ཉམ་ཐག་ ༣༡༨༤ ལྷག་ལ་བཟའ་བཅའ་མཐུན་འགྱུར་ཞུས་ཡོད་པ་དང་མུ་མཐུད་ཞུ་མུས་ཡིན།
༦༽ གཞིས་ཆགས་སོ་སོའི་ཉེ་འཁྲིས་ཡུལ་མི་འཁོས་ཞན་ཉམ་ཐག་ ༡༩༦༤༥ ལྷག་ལ་བཟའ་བཅའ་རིགས་འབྲས་དང་། རྡལ། གྲོ་ཞིབ། ཟ་སྣུམ། ཚ། མར། སྔོ་ཚལ། དེ་བཞིན་ཉེན་སྲུང་ཡོ་ཆས་སོགས་ཀྱི་མཐུན་འགྱུར་རྒྱ་གང་ཆེ་ཞུས་ཡོད།
༧༽ གཞིས་ཆགས་ཁག་གཅིག་ནང་རང་རེའི་གནའ་སྲོལ་དང་མཐུན་པའི་ཁ་རས་བཙེམས་ནས་གཞིས་མི་དང་ཉེ་འཁྲིས་ཡུལ་མི་ཉམ་ཐག་རྣམས་ལ་རིན་མེད་ཐོག་བགོ་འགྲེམས་ཞུས་དང་ཞུ་མུས་ཡིན།
༨༽ གཞིས་ཆགས་ཁག་གི་སྨན་ཞབས་པ་དང་། འཕྲོད་ལས་པ། དྭང་བླངས་ཞབས་ཞུ་བ་བཅས་ནས་ས་ཁག་སོ་སོའི་མང་ཚོགས་ལ་ཚ་བ་བརྟག་དཔྱད་བདུན་རེའི་ནང་ཐེངས་གཅིག་ཙམ་གནང་བཞིན་ཡོད།