ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། འདི་གར་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་
དེ་ཡང་ཏོག་དབྱིབས་གཉན་རིམས་ངལ་སེལ་ཛ་དྲག་ཚོགས་ཆུང་ཟུར་འཛུགས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༠ ཉིན་ས་གནས་བོད་རིགས་སྨན་ཞབས་ཚོགས་པ་དང་ཟུང་སྦྲེལ་ཐོག་བོད་རིགས་རྣསམ་ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་སྟེ་ནད་རྟགས་ཡོད་པ་རྣམས་ལ་སྟབས་བདེ་ཡོང་ཆེད་ཛ་དྲག་གི་ཕྱི་ལུགས་སྨན་པ་དང་སྨན་ཞབས་པའི་འབྲེལ་མཐུད་པ་hotline གོ་སྒྲིག་དང་གསལ་བསྒྲགས་ངོ་དེབ་ཐོག་ཐད་གཏོང་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༥ བར་ཉིན་གྲངས་ ༤༧ རིང་མི་གྲངས་ ༢༥༠ ཙམ་ནས་ཁ་པར་བཏང་བ་ཁག་ལ་ལན་འདེབས་དང་། ནད་རྟགས་ཡོད་པའི་མི་གྲངས་ ༩༠ ཙམ་ལ་ཛ་དྲག་གི་སྨན་ཁང་ལམ་སྟོན་དང་སྨན་ལ་སོགས་པ་ཕུལ་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༥ ནས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༥ བར་ཉིན་གྲངས་ ༤༡ རིང་བོད་རིགས་ནད་པ་དང་སྨན་ཞབས་པ་ནད་མནར་བ་རྣམས་ལ་ཞལ་ལག་གྲངས་ ༥༠༠ དང་། ཤིང་ཏོག འཐུང་ཆུ་སོགས་ཕུལ་ཡོད།
དེ་བཞིན་ས་གནས་སུ་ཡོད་པའི་སྨན་པ་དང་། སྨན་ཞབས་པ། འཕྲོད་བསྟེན་ལས་བྱེད་རྣམ་པ། སྤྱི་ཁང་ས་ཁུལ་གྱི་ཉེན་རྟོག་པ། མེ་གསོད་རུ་ཁག་རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་རྒྱབ་སྐྱོར་མཚོན་བྱེད་དུ་ཉིན་གུང་གི་ཞལ་ལག་བསྡོམས་ ༡༠༨༠ ཕུལ་ཡོད། ཞལ་ལག་གོ་སྒྲིག་དང་ཐུགས་འགན་བཞེས་མཁན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དང་ཨིན་དྲུང་། དྭང་བླངས་པ། སྐྱེལ་འདྲེན་གནང་མཁན་དྭང་བླངས་ཞབས་ཞུ་བ་རྣམས། རང་ཁྱིམ་ནས་ཞལ་ལག་སོགས་ཀྱི་མཐུན་འགྱུར་དང་རྒྱབ་སྐྱོར་གནང་མཁན། ཚོགས་པ་སྐྱིད་སྡུག་ཁག་དང་མི་མང་སྒེར་གཏོང་ཕོད་ཅན་གྱི་སྦྱིན་བདག་ཞལ་འདེབས་གནང་མཁན་སོགས་མང་པོ་བྱུང་ཡོད།
ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་བཀོད་ཁྱབ་ཕེབས་པ་ལྟར། ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་སྣེ་ཁྲིད་ཐོག་ས་གནས་ཀྱི་ཚོགས་སྐྱིད་ཁག་དང་། བོད་རིགས་སེར་སྐྱ་མི་མང་ནས་བྱང་ཨ་རིའི་གཞུང་མང་གཉིས་ལ་བཀའ་དྲིན་བསམ་ཤེས་དང་། གདུང་སེམས་མཉམ་སྐྱེ་མཚོན་བྱེད་ཞལ་འདེབས་ཨ་སྒོར་ ༡༡,༧༩༣ ཐམ་པ་ཕུལ་ཡོད། ཟུར་བཀག་བཞུགས་ཡུལ་དགོས་མཁོ་ཡོད་རིགས་རྣམས་ལ་སྡོད་ཁང་གི་མཐུན་འགྱུར་ཆེད་མགྲོན་ཁང་གླ་རྒྱུའི་ཕྱག་རོགས་གནང་རྒྱུས་མཚོན་མགྲོན་ཁང་གི་ཁང་གླ་བརྒྱ་ཆ་ལྔ་བཅུ་སྤྱི་མཐུན་ཚོགས་པས་ཕུལ་ཐུབ་པ་བྱུང་ཡོད།
གཞན་ཡང་སེམས་ཁམས་དང་འབྲེལ་བའི་སློབ་གསོའི་ལས་གཞི་ཐེངས་འགའ་ངོ་དེབ་བརྒྱུད་ཐད་གཏོང་དང་། ལས་ཤོར་ཐོབ་ཐང་སྙན་ཞུ་འགེངས་ཤོག་དགང་རྒྱུའི་རོགས་རམ་གནང་ཡོད། ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་འཆར་གཞན་ཞིག་ནི། ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་སྐབས་སུ་བོད་མི་མང་པོར་ལས་ཀའི་གོ་སྐབས་ཤོར་བ་དང་ལས་མེད་ལྷག་པ་གྲངས་ ༣༠༠ རྣམས་ལ་རོགས་རམ་དང་ལམ་སྟོན་གནང་ཡོད།
ཁུ་ཝིན་སི་ Queens འགན་འཛིན་ལས་ཁུངས་ནས་ཟས་རིགས་ཤོག་སྒམ་ ༡༠༠ ཐམ་པ་ཞལ་འདེབས་གནང་སོན་བྱུང་བ་བཞིན་ ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢ ཉིན་མི་མང་ལ་བགོ་འགྲེམ་ཞུས་ཡོད་པ་མ་ཟད། ཁ་རས་དང་སྨན་སོགས་ཛ་དྲག་ནད་མནར་སྐབས་དགོས་མཁོ་ཡོད་རིགས་རྣམས་ལ་དུས་ཐོག་མཐུན་རྐྱེན་གང་ཐུབ་སྦྱར་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་ས་གནས་ཀྱི་གནས་སྟངས་བཟང་དུ་འགྲོ་བཞིན་ཡོད་པ་དང་། མ་འོངས་པར་ས་གནས་སུ་བོད་རིགས་སུ་འདྲ་ཞིག་ལ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་འཕྲད་ཚེ་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པར་མུ་མཐུད་འབྲེལ་བ་གནང་རོགས་ཞུ། །