ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༦ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༨ ནས་ ༩།༣༠ བར་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་དྲ་ལམ་བརྒྱུད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་དབུ་འཛུགས་མཛད་སོང་།
དེ་ཡང་ཐོག་མར་ངོ་སྤྲོད་ཀྱི་ཚུལ་དུ་བཀའ་སློབ་སྩལ་དོན། ངོ་ཤེས་མང་པོ་ཞིག་དང་ངོ་མ་ཤེས་ཀྱང་དོ་སྣང་བྱེད་མཁན་མི་ཧ་ཅང་མང་པོ་ཞིག་འདུག ཁོང་ཚོ་དང་དུས་དུས་ལ་ཐུག་ནས་བགྲོ་གླེང་སོགས་བྱེད་ཀྱི་ཡོད། བར་ལམ་ནད་ཡམས་འདིས་རྐྱེན་པས་མི་ཐུག་རྒྱུར་དམ་བསྒྲགས་ཟེར་དགོས་སམ་དཀའ་ངལ་འཕྲད་པ་རེད། དེར་བརྟེན་དེ་རིང་འདིར་དོན་གཉེར་ཅན་མང་པོ་ཞིག་གིས་དྲ་རྒྱའི་ཐོག་ནས་ངོས་ཀྱི་བསམ་ཚུལ་ཡོད་པ་དེའི་ཐོག་གཏམ་བཤད་བྱ་རྒྱུ་བྱུང་ན་ཞེས་རེ་འདུན་བྱུང་སོང་། ཧ་ཅང་ཡག་པོ་འདུག
དེ་རིང་འདིར་འཆད་པར་བྱ་བའི་གཞུང་ནི་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་རེད། མགོན་པོ་ཀླུ་སྒྲུབ་ཞུ་བ་ཁོང་ནི་ལོ་རྒྱུས་ཁྲོད་རྩ་ཆེན་པོ་རེད། ཅེས་ཞུ་བ་ཙམ་མིན། ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པའི་དབུ་མ་རིག་ཚོགས་དྲུག་ལ་སོགས་པར་ད་ལྟ་ང་ཚོས་སློབ་སྦྱོང་བྱེད་ས་ཡོད་པ་ཞིག་དང་། གཞུང་དེ་དག་ཐོག་ལ་རྒྱ་གར་མཁས་པ་མང་པོས་འགྲེལ་པ་བརྩམས་ནས་ཡོད་པའི་གཞུང་ཧ་ཅང་སྤུས་དག་པོ་དབུ་མ་རིན་ཆེན་ཕྲེང་བ་ཞེས་པར་དེ་རིང་དོན་ཚན་གཉིས་ཕྱེ་ནས་ཞུ་རྒྱུ་རེད། སང་ཉིན་རིན་ཆེན་ཕྲེང་བའི་མཇུག་དེར། དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག ། ཅེས་བྱང་ཆུབ་སེམས་ཉམས་ལེན་བྱེད་སྟངས་སྐོར་གསུང་ཡོད།
སྔོན་ལ་འཛམ་གླིང་འདིའི་སྟེང་ལ་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པས་གཙོས་སྲོག་ཆགས་འབུ་སྲིན་ཚུན་ཆད་ཀྱིས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། མི་འདོད་པའི་སྡུག་བསྔལ་དང་འདོད་པའི་བདེ་སྐྱིད་ཟེར་བ་ལུས་ལ་བརྟེན་པ་གཙོ་བོ་ཆགས་འདུག དེང་སྐབས་འཛམ་གླིང་ནང་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད། དངོས་གཙོ་སྨྲ་བ་རྐྱང་རྐྱང་ཡིན་པ་ལྟ་བུ་འདུག སེམས་ཀྱི་བདེ་སྐྱིད་ཉོ་ས་མེད། བཟོ་གྲྭ་ཡང་མེད། ང་རང་ཚོས་བསམ་བློ་བཏང་ནས་སེམས་ཀྱི་སྡུག་བསྔལ་ཉུང་དུ་གཏང་རྒྱུ་དང་བདེ་བ་མང་དུ་གཏང་རྒྱུ་མ་གཏོགས་ཐབས་ཤེས་གཞན་མེད། ངོས་ཀྱིས་འཛམ་གླིང་འདིའི་སྒང་ལ་ཡོད་པའི་མི་དུང་ཕྱུར་བདུན་ཅུ་ཡོད་པ་དེ་དག་གི་བདེ་སྐྱིད་ཐོག་ལ་བསམ་བློ་གཏོང་བཞིན་ཡོད། རྒྱ་གར་ནང་ལོ་ངོ་གསུམ་སྟོང་གོང་ཙམ་ནས་སེམས་ཁམས་རིག་པའི་རྣམ་གཞག་དར་ནས་རིམ་བཞིན་ཡར་རྒྱས་བྱུང་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱི་ནང་པའི་ཆོས་དེའང་དེ་འདྲ་བྱས་ནས་ཡོང་བ་རེད།
རྒྱ་གར་གྱི་འཚེ་བ་མེད་པ་ཞེས་པ་དེ་རྩ་བ་ཐུག་ས་བྱམས་བརྩེ་ལ་ཐུག་ཡོད། ལོ་ངོ་གསུམ་སྟོང་གོང་ཙམ་ནས་སྐད་ཆ་འདི་སླེབས་ཡོད། དེ་ཙམ་དུ་མ་ཟད་སེམས་ཞི་གནས་དང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་པ་བྱེད་རྒྱུའི་ལྷག་མཐོང་ཟེར་ནའང་མི་འདུག གང་ལྟར་དཔྱད་སྒོམ་བྱ་རྒྱུ་དེ་རྒྱ་གར་ནང་སྔ་མོ་ནས་ཡོད་པ་ཞིག་རེད། དེང་སྐབས་རིག་གནས་དེ་དག་ཆོས་ཕྱོགས་ཁུངས་སུ་མ་བཞག་པར་འདི་ཚུར་བླངས་ནས་ང་ཚོའི་སེམས་ཁམས་རིག་པའི་ཐོག་ནས་གང་ལྟར་སེམས་མ་སྐྱིད་པ་བྱེད་རྒྱུ་དང་། དེར་གཉེན་པོ་ཇི་ལྟར་བསྟེན་དགོས་པ། སྐྱེ་བ་ཕྱི་མའི་སྐད་ཆ་བཤད་ཀྱི་མེད། དེའི་ཐོག་ལ་ང་ཚོས་དོ་སྣང་བྱ་རྒྱུ་དང་བསམ་བློ་གཏོང་དགོས།
རིམ་པ་དང་པོ་དེ་ངོས་རང་མི་ཞིག་ཡིན་པའི་ངོས་ནས་ཆོས་ཀྱི་སྐད་ཆ་མེད་པར་མིའི་སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་ཞི་བདེ་ཡོང་བར་གང་འདྲ་བྱེད་དགོས་པ་འདི་ངོས་ཀྱི་ལས་འགན་རིམ་པ་དང་པོ་དེ་རེད། འཛམ་གླིང་འདིའི་སྒང་གི་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་ཀྱང་བྱམས་བརྩེ་དགོས་པ་ཚང་མས་གཅིག་གྱུར་གསུང་གི་འདུག ཆོས་ལུགས་སོ་སོར་ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་དག་གང་ཟག་སོ་སོའི་ཁམས་དང་བསྟུན་ནས་འགྲོ་དགོས་པ་རེད། སྤྱི་ཡོངས་ཀྱི་བྱམས་བརྩེ་ཟེར་བ་དེ་དུད་འགྲོ་ཚུན་ཆད་ཀྱིས་དགའ་མོས་བྱེད་ས་ཞིག་ཆགས་ཡོད། ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་བཞིན་ཡོད། དེར་བརྟེན་གཞི་རྩ་དེའི་ཐོག་ནས་ང་ཚོས་ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་ངེས་རེད། ཆོས་ཀྱི་མིང་ཐོག་ནས་ཆོས་པ་ནང་ཁུལ་འཁྲུག་པ་བརྒྱབ་པ་དང་ཐ་ན་གསོད་རེས་བྱ་རྒྱུ་དེ་དག་ཧ་ཅང་ཐབས་སྐྱོ་པོ་རེད།
གསུམ་པ་དེར་ངོས་རང་བོད་པ་ཞིག་རེད། བོད་ཀྱི་དོན་དག་ངོས་ལ་ལས་འགན་ཡོད། བོད་ཀྱི་ཆབ་སྲིད་ཀྱི་ལས་ཀ་དེ་ངོས་ཀྱིས་ལོ་བཅུ་གྲངས་གོང་ནས་བཞག་པ་ཡིན། ཆབ་སྲིད་ཀྱི་ལས་ཀ་དེ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་དབུ་ཁྲིད་ཀྱིས་འགན་འཁྱེར་ནས་ཡོད། ངོས་ཀྱིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་འགན་དེ་གཙོ་བོ་ཞིག་རྩི་བཞིན་ཡོད། རིག་གཞུང་དེའང་བོད་ཀྱི་སྐད་ཡིག་དམིགས་བསལ་བ་ཞིག་ཡོད་པ་དེ་ལ་བརྟེན་ཡོད། རྒྱ་གར་གྱི་རིག་གཞུང་རྙིང་ཁུངས་དེའང་དུས་རབས་བདུན་པའི་ནང་བོད་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡིག་ཟུར་དུ་བཟོས་འདུག བོད་ཡིག་ཡར་རྒྱས་གཏོང་རྒྱུ་དེའང་རྒྱ་གར་ཡེ་གེར་དཔེ་བལྟས་ནས་བཟོས་འདུག
དུས་རབས་བརྒྱད་པའི་ནང་དུ་མཁན་ཆེན་ཞི་བ་འཚོས་བོད་དུ་ནང་ཆོས་སྤེལ་སྐབས་ལེགས་སྦྱར་དང་པཱ་ལིའི་སྐད་ལ་བརྟེན་མི་དགོས་པར་བོད་པ་རང་གི་ཡི་གེའི་ཐོག་ལ་སྒྱུར་ཞེས་ལམ་སྟོན་གནང་ནས་བོད་ཀྱི་སྐད་ཡིག་དེ་ལེགས་སྦྱར་སྐད་ནས་གཞུང་དེ་དག་སྒྱུར་གྱིན་སྒྱུར་གྱིན་བྱས་ནས་མིང་ཚིག་གསར་པ་བཟོས་ནས་མིང་ཚིག་རྙིང་པ་ཡོད་པ་དེ་དག་འབྲེལ་བ་ཡོད་མཁན་ཕན་ཐོགས་པ་དེ་དག་རང་འཇགས་བཞག དེ་དག་ཐོག་མིང་ཚིག་གསར་པ་མང་པོ་ཞིག་བཟོས་ནས་དེང་སྐབས་ལེགས་སྦྱར་སྐད་དང་ཐག་ཉེ་ཤོས་ཡིན་པའི་སྐད་དེ་བོད་ཡིག་འདི་ཆགས་ཡོད།
ངོས་རང་རྒྱ་གར་དུ་སླེབས་ནས་ལོ་དེ་ཙམ་འགྲོ་བཞིན་ཡོད། རྒྱ་གར་གཞུང་གི་སྐུ་མགྲོན་རེད། སེམས་ཁམས་རིག་པའི་རྣམ་གཞག་རྒྱ་གར་ནང་ཧ་ཅང་ཕྱུག་པོ་འདུག གོང་དུ་ཞུས་པ་ལྟར་རེད། རྒྱ་གར་ནས་རྒྱ་ནག་ཏུ་དར། རྒྱ་གར་གནའ་རབས་ཀྱི་གཙོ་བོ་འཚེ་བ་མེད་པའི་ལྟ་གྲུབ་དང་བྱམས་བརྩེ་དུས་རབས་གསར་པའི་རྒྱ་གར་ནང་དུ་བསྐྱར་གསོ་བྱ་རྒྱུ་དེ་ངོས་ཀྱི་འགན་ཞིག་ཡིན། དེ་དག་རྒྱ་གར་རང་གི་གནའ་རབས་ཀྱི་ལེགས་བཤད་རེད། བར་ལམ་ཨིན་ཇིས་དབང་སྒྱུར་བྱས་རྐྱེན་ཤེས་ཡོན་ལམ་ལུགས་དེའང་ཨིན་ཇིས་བཟོས་པ་དེའི་འོག་ནས་འགྲོ་བཞིན་ཡོད། ཕན་ཐོགས་ཧ་ཅང་བྱུང་ཡོད། དེ་དང་ཆབས་ཅིག་རྒྱ་གར་གར་གནའ་རབས་ཀྱི་རིག་གཞུང་ཐོག་ཏོག་ཙམ་ལྷོད་ཡངས་ཕྱིན་པ་ལྟ་བུ་འདུག དེར་བརྟེན་དེ་རིང་ཁ་སང་རྒྱ་གར་ནང་ལ་དེང་དུས་ཤེས་ཡོན་དེ་དག་ཧ་ཅང་སྤུས་དག་པོ་ཡོད། འཕྲུལ་ཆས་ཡར་རྒྱས་ཡག་ཐག་ཆོད་ཡོད། དེའི་སྒང་ལ་རྒྱ་གར་རང་གི་གནའ་རབས་ཀྱི་ཞི་གནས་དང་ལྷག་མཐོང་ཟེར་བ་དེ་དག་དམིགས་བསལ་ཆོས་དང་མ་འབྲེལ་བ་བྱས་ནས་ང་ཚོས་སློབ་སྦྱོང་སྤྲད་ནས་རྒྱ་གར་གྱི་རིག་གཞུང་རྙིང་པ་དེ་བསྐྱར་གསོ་བྱེད་ཐུབ་པ་བྱུང་ན་མེས་པོ་དམ་པ་གྷན་དི་ལྟ་བུ་མིག་དཔེར་འོས་པ་ཞིག་བྱུང་ཐུབ་ཡོད། ཞབས་འདེགས་མང་ཙམ་བསྒྲུབ་ཐུབ་རྒྱུར་ངོས་ཀྱིས་རེ་བ་རྒྱག་བཞིན་ཡོད། དེ་བཞི་པོ་ངོས་ཀྱི་ལས་འགན་རེད།
མངོན་པ་མཛོད་ཀྱི་གཞུང་ནང་དུ་མཚོན་གྱི་བསྐལ་པ། ནད་ཀྱི་བསྐལ་པ། མུ་གེའི་བསྐལ་པ་ཞེས་གསུང་ཡོད། དེ་ལྟར་བར་སྐབས་གོ་མཚོན་ལ་དང་འདོད་ཧ་ཅང་བྱས་ནས་གོ་མཚོན་བེད་སྤྱོད་བྱས་ནས་མི་ཇི་ཙམ་བསད་ཡོད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་མི་གྲངས་ལས་འདས་པ་བསད་ཡོད། འོན་ཀྱང་མི་མང་པོ་ཞིག་གིས་གོ་མཚོན་མེད་པ་དང་། གོ་མཚོན་བཀག་སྡོམ་བྱ་རྒྱུའི་ཐོག་དོ་སྣང་བྱེད་བཞིན་ཡོད། ཧ་ཅང་གལ་ཆེན་པོ་རེད། མཚོན་གྱི་བསྐལ་པ་འདིར་གོ་མཚོན་བེད་སྤྱོད་བྱས་ནས་མིའི་དཀའ་ངལ་སེལ་ཟེར་བ་རྩ་བ་ཉིད་ནས་ཡོང་མི་ཐུབ། འཁྲུག་པ་བརྒྱབ་ཟེར་བ་དེ་སེམས་ནང་ཞེ་སྡང་སྐྱེས་དེ་ལ་བརྟེན་ནས་འཇིགས་སྣང་སླེབས། དེ་འདྲའི་ཐོག་ནས་གོ་མཚོན་སྤྱད་ནས་གསོད་རེས་གཏོང་བཞིན་ཡོད། གོ་མཚོན་མེད་པའི་འཛམ་གླིང་ཞིག་ཆགས་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག མི་དུང་ཕྱུར་བདུན་ཅུ་ཡོད་པ་དེ་དག་མཉམ་དུ་འཚོ་སྡོད་བྱེད་དགོས་པ་རེད། ང་ཚོ་འཛམ་གླིང་ཤར་ནུབ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་སྟབས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་།
མངོན་མཐོ་སྒྲུབ་པའི་ཆོས་བཅུ་དྲུག་སྐོར་བཀའ་སློབ་སྩལ་དོན། དེ་རིང་ཁ་སང་དབུལ་ཕོངས་ཧ་ཅང་མང་པོ་འདུག སྙིང་རྗེ། ཁོར་ཡུག་དང་དཔལ་འབྱོར་གྱི་གནས་སྟངས། དེང་སྐབས་ནད་ཡམས་ཀྱི་གནས་སྟངས་དེ་འདྲའི་ཐོག་ནས་མི་སྐྱོ་པོ་མུ་གེས་འཆི་བའི་ཉེན་ཁ་ཡོད་མཁན་མང་པོ་འདུག དེ་ཚོར་གང་རོགས་བྱས་ནས་གུས་པས་སྦྱིན་པ། དེར་སྦྱིན་པ་གཏོང་སྐབས་དམན་པར་བལྟས་ནས་སྦྱིན་པ་མིན་པར་དེ་དག་ལ་བརྩེ་བ་བྱས། གུས་པ་བྱས་ནས་སྦྱིན་པ་གཏོང་དགོས་པ་གསུང་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།