ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ཙམ་ལ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་སྐལ་བཟང་རྡོ་རྗེ་ལགས་སོགས་ལྷན་འཛོམས་ཀྱིས་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཏོག་དབྱིབས་གཉན་རིམས་ངལ་སེལ་དང་འབྲེལ་བའི་དམིགས་བསལ་དྲ་ཚིགས་བོད་ཨིན་སྐད་ཡིག་གཉིས་ཐོག་ཡོད་པ་དེ་ཉིད་དབུ་འབྱེད་གནང་གྲོལ་རྗེས།
ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་ལས་དོན་གནང་ཕྱོགས་སྐོར་གསུང་དོན། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ཤར་ནས་བཟུང་བོད་མིའི་སྒྲིག་འཛུགས་ནས་མང་ཚོགས་ལ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ངལ་སེལ་རོགས་སྐྱོར་གནང་ཕྱོགས་སྐོར་གསལ་བསྒྲགས་སྤེལ་ཏེ་རོགས་རམ་གནང་རྒྱུའི་མཚོན་པས་ལས་དོན་ཁག་ད་བར་མུ་མཐུད་འགྲོ་དང་འགྲོ་མུས་རེད། གནད་དོན་འདི་མང་ཚོགས་ལ་གསལ་པོ་བཟོ་དགོས་པ་ཞིག་ཆགས་ཀྱི་འདུག རྣམ་པ་ཚོ་སོ་སོའི་ཁྱིམ་དུ་བཞུགས་པ་ཡིན་ན། ཏོག་དབྱིབས་གཉན་རིམས་ཀྱི་སྨན་བཅོས་ཡག་ཤོས་དེ་རེད། དེར་བརྟེན་རྣམ་པ་ཚོ་སོ་སོའི་ཁྱིམ་དུ་བཞུགས་རོགས་གནང་ཞེས་མང་ཚོགས་ལ་འབོད་སྐུལ་ཞུ་རྒྱུ་ཡིན།
རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ལམ་སྟོན་གནང་དང་གནང་བཞིན་པ་ལྟར་མང་ཚོགས་ནས་ཀྱང་གལ་ཏེ་ཕྱི་ལ་ངེས་པར་དུ་ཕེབས་དགོས་བྱུང་བ་ཡིན་ན། རྣམ་པ་ཚོས་ངེས་པར་དུ་ཁ་རས་གྱོན་པ་དང་ཕན་ཚུན་དབར་བར་ཐག་རིང་ཙམ་འཇོག་རྒྱུ་སོགས་ཀྱི་ཐད་གང་གཟབ་གནང་རོགས། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་བཙན་བྱོལ་བོད་མི་འཚོ་རྟེན་གྱི་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཟའ་འབྲུའི་རིགས་དང་དངུལ་གྱི་མཐུན་རྐྱེན་ད་བར་འབུམ་མང་པོ་གནང་ཡོད་པ་དང་། དེ་བཞིན་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་རྒྱ་གར་དབུས་གཞུང་དང་། མངའ་སྡེའི་གཞུང་། ས་གནས་རྫོང་ལས་ཁུངས། ས་གནས་ཡུལ་མི་བཅས་ལ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནས་གདུང་སེམས་མཉམ་སྐྱེའི་རོགས་དངུལ་ཞལ་འདེབས་བསྡུ་རུབ་གནང་སྟེ་ཕུལ་ཡོད། ཅེས་སོགས་གསུངས།
ཕྱོགས་མཚུངས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས། ཏོག་དབྱིབས་གཉན་རིམས་ཀྱི་ཉེན་ཚབས་ཆེ་བའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་དུག་སེལ་དང་གཙང་བཟོའི་ལས་གཞི་སྤེལ་དང་སྤེལ་མུས་རེད། ལས་གཞི་དེའི་ཆེད་དུ་དུས་གཅིག་ལ་ཧིན་སྒོར་འབུམ་དྲུག་དང་ཕྱེད་ཀ་འགྲོ་གྲོན་གཏོང་དགོས་ཀྱི་འདུག གཙང་བཟོའི་ལས་གཞི་དེ་ཟླ་བ་གཅིག་གི་ནང་ཉུང་མཐར་ཐེངས་གཉིས་གསུམ་ཙམ་གནང་ཐུབ་པའི་འཆར་གཞི་བསྒྲིགས་ཡོད། ས་གནས་ཁག་ ༣༦ ནང་འགོག་དབྱེ་ཟུར་འཇོག་ཁང་བཙུགས་ཡོད་པ་མ་ཟད། ད་བར་བོད་མི་ ༣༧༡ གིས་འགན་ཁུར་པའི་ཐོག་འགོག་དབྱེ་ཟུར་འཇོག་ཁང་ཁག་གི་ནང་བཞུགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།།