ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༨ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གཙོས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་ཨ་རྱ་ཚེ་དབང་རྒྱལ་པོ་ལགས་དང་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས། གཞན་ཡང་བོད་མིའི་སྒྲིག་འཛུགས་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ཚང་འཛོམས་ཀྱིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། བོད་མི་གནས་སྡོད་ས་གནས་བཅས་སུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་ལས་དོན་སྤེལ་ཕྱོགས་ཐད་གོ་བསྡུར་ལྷུག་པོ་གནང་ཡོད།
སྐབས་དེར་གཉན་རིམས་དང་འབྲེལ་བའི་འཕྲོད་བསྟེན་ལ་སོགས་ཀྱི་ལས་དོན་སྤེལ་ཕྱོགས་ཐོག་ཨ་རིའི་རོགས་ཚོགས་ (PRM) ནས་ཧིན་སྒོར་ ༡༨,༨༦༤,༩༢༤ ནང་ནས་གསོ་རིག་བོད་སྨན་ཆེད་ཧིན་སྒོར་ ༣༨༦༧༨༥༠ གནང་ཡོད། བོད་སྨན་བགོ་འགྲེམས་དེ་བཞིན་དོན་གཅོད་ལས་ཁུངས་ཀྱི་ཐོ་གཞུང་བསྡུ་རུབ་དང་། ཕྱི་རྒྱལ་ས་གནས་ཁག་ཏུ་ཛ་དྲག་གི་གནས་སྟངས་ལ་གཞིགས་པའི་བགོ་འགྲེམས་བྱེད་ཕྱོགས་སོགས་ཀྱི་སྐོར་གོ་བསྡུར་གནང་།
ཕྱོགས་མཚུངས་བལ་ཡུལ་བོད་མི་རྣམས་ཀྱི་ཆེད་ཧིན་སྒོར་ ༣,༤༤༠,༦༠༦ ཐམ་པ་ PRM རོགས་ཚོགས་ནས་མཐུན་འགྱུར་གནང་ཡོད་འདུག
དེ་ནས་བདེ་སྲུང་ཡན་ལག་འགན་འཛིན་སྐལ་བཟང་བསྟན་འཛིན་ལགས་ཀྱིས། ཟླ་ ༤ ཚེས་ ༢༥ རྗེས་ཕྱོགས་མཐའ་ཁག་ནས་རྡ་སར་འབྱོར་བའི་བོད་མི་ ༩ ཡིས་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་སུ་ཐོ་འགོད་གནང་ཡོད་པ་དང་། གཞན་ཡང་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་ཆོས་མཇལ་དུ་ཕེབས་ཏེ་ད་ཆ་རྒྱ་གར་རྒྱལ་ཡོངས་སྒོ་རྒྱ་བསྡམས་པར་བརྟེན་རང་གནས་སུ་ཕྱིར་ཕེབས་མ་ཐུབ་པ་ཁྱོན་མི་གྲངས་ ༣༧ རྣམས་ཀྱི་དཀའ་ངལ་སོགས་སྙན་སེང་དང་སྦྲགས་གོ་སྡུར་གནང་།
དེ་རྗེས་ནང་སྲིད་སྡེ་འགན་མིག་དམར་བུ་འཁྲིད་ལགས་ཀྱིས། ད་ཆ་ཐེམ་སྤང་བཀའ་རྒྱ་རྐྱེན་པས་རྒྱ་གར་ས་གནས་ UP དང་། Tamil Nadu ཁུལ་དུ་ཡོད་པའི་བོད་མི་ཁག་གཅིག་འགྲུལ་བཞུད་བྱ་རྒྱུའི་ E-pass འཐོབ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། གཞན་ཡང་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ RC དང་། རྒྱ་གར་རྒྱལ་ཡོངས་ཐུན་མིན་ངོས་འཛིན་ལག་ཁྱེར་ Aadhaar card མེད་མཁན་བོད་མི་ཁག་གཅིག་གི་དཀའ་ངལ་སྐོར་གོ་བསྡུར་གྱིས་སྦེང་ལོར་ལྷོ་སྤྱི་བརྒྱུད་གཟིགས་རྟོགས་གནང་རྒྱུ་སོགས་གོ་བསྡུར་གནང་། སྐབས་དེར་དྲིལ་བསྒྲགས་དྲུང་ཆེས་འགྲུལ་བཞུད་བྱ་རྒྱུའི་ E-pass ཐོབ་ཆེད་ཁ་པར་སྒུག་ནས་མ་བསྡད་པར་རྒྱ་གར་གཞུང་གིས་འདོན་སྤེལ་གནང་བའི་འགེངས་ཤོག་ངེས་པར་ཞིབ་བཀང་དགོས་པ་དང་། དེའི་ཐད་ལམ་སྟོན་ guidelines ཞིག་མགྱོགས་མྱུར་འགྲེམས་སྤེལ་བྱ་རྒྱུ་ཡིན་སྐོར་སོགས་གསུངས།
དེ་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ངག་དབང་བསྟན་འཛིན་ལགས་ཀྱིས་བཙན་བྱོལ་བོད་མིའི་སེམས་ཁམས་གནས་བབ་སྐོར་གསུང་དོན། ད་བར་ཁ་པར་བརྒྱུད་སེམས་ཁམས་སློབ་གསོ་ཁྱོན་མི་གྲངས་ ༡༦ ལ་གནང་ཡོད་པ་སོགས་ཀྱི་སྐོར་དང་། ཉི་མ་རྒྱལ་མཚན་ལགས་ཀྱིས། བཙན་བྱོལ་བོད་མིའི་གཞིས་ཆགས་ཚང་མའི་ནང་ Institutional Quarrantine འགོག་དབྱེ་ཟུར་འཇོག་གི་མཐུན་རྐྱེན་བསྐྲུན་ཡོད་པ་མ་ཟད། དུག་སེལ་ཡོ་ཆས་སོགས་གྲ་སྒྲིག་བྱས་ཟིན་ཡོད་སྐོར། བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་ད་བར་བཙན་བྱོལ་བོད་མི་ཁྱོན་མི་གྲངས་ ༢༤༥༩༣ ལ་ཚ་བའི་ནད་རྟགས་ཡོད་མེད་བརྟག་དཔྱད་བྱས་ཟིན་པ་དང་། དེའི་ཁྲོད་ཛ་དྲག་གི་གནས་སྟངས་གང་ཡང་མེད་པ་དང་། ད་ཆ་ཟུར་བཀག་བྱེད་ནས་སྡོད་མཁན་མི་གྲངས་ ༡༤༠ ཡོད་སྐོར་གསུང་།
དེ་ནས་ཚོགས་ཚུང་གི་ཚོགས་མི་བདེ་ལེགས་སྨན་ཁང་གི་སྨན་པ་བརྩོན་འགྲུས་ལགས་ཀྱིས་ད་ལྟའི་རྒྱ་གར་སྤྱི་ཡོངས་ཀྱི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་། ཟུར་བཀག་དུ་བསྡད་པའི་སྐབས་ 1077 ཁ་པར་བཏང་རྗེས་ཏོག་དབྱིབས་གཉན་རིམས་ཀྱི་ངོས་སྦྱོར་ཞིག་ཁང་པའི་གྱང་ཐོག་ངེས་པར་སྦྱར་དགོས་ཀྱི་ཡོད་སྐོར་སོགས་གསུངས།
གཞན་ཡང་ཏོག་དབྱིབས་གཉན་རིམས་བརྟག་དཔྱད་བྱ་རྒྱུའི་ཡོ་ཆས་ཉོ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། བཙན་བྱོལ་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་འཕྲོད་བསྟེན་གྱི་ལས་དོན་སྤེལ་ཕྱོགས་སོགས་ཀྱི་སྐོར་གོ་བསྡུར་ལྷུག་པོ་གནང་ཡོད།
སྤྱིར་རེས་གཟའ་མིག་དམར་ནམ་ཡིན་ལ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་དྲུང་ཆེ་དང་ལྷན་དུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་གིས་གཙོས་ཛ་དྲག་ངལ་སེལ་ཇི་ལྟར་སྤེལ་དགོས་པ་སོགས་ཀྱི་ཐད་གོ་བསྡུར་གནང་བཞིན་ཡོད་པ་དང་། ཕྱོགས་མཚུངས་རེས་གཟའ་པ་སངས་ཉིན་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་དང་ལྷན་དུ་གོ་བསྡུར་གནང་རྒྱུའི་ལས་རིམ་ཞིག་གོ་སྒྲིག་གནང་བཞིན་ཡོད་པ་རེད། གོ་བསྡུར་གྱི་ལས་རིམ་དེ་ལྟ་བུ་བདུན་ཕྲག་དྲུག་གོང་ནས་འཚོགས་བཞིན་ཡོད་འདུག་པ་བཅས། །