ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༨ རེས་གཟའ་པ་སངས།
༄༅། །རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཟླ་ ༡༧ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཡབ་ཡུམ་བཅས་བཙན་ཁྲིད་གསང་ཉར་བྱས་པ་ནས་བཟུང་ད་བར་ལོ་ངོ་ ༢༥ རིང་གར་སོང་ཆ་མེད་དུ་གྱུར་ཡོད་པར་བརྟེན། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་རྒྱ་གར་གྱི་དགོང་དྲོ་ཆུ་ཚོད་བདུན་པའི་སྟེང་བོད་སྐད་ཐོག་དྲ་ལམ་བརྒྱུད་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་རྒྱུ་མ་ཟད། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་སྨོན་ལམ་མཚོན་ཆེད་དུ་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རང་ཁྱིམ་ནས་མར་མེ་མཆོད་འབུལ་གྱི་ལམ་ནས་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད།
གོ་སྐབས་འདི་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་ཞུ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་དང་ཡོངས་ཁྱབ་གསལ་བསྒྲགས་མཛད་ནས་ཉིན་གསུམ་གྱི་རྗེས་ཏེ་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ་བཅས་བཙན་ཁྲིད་གསང་ཉར་བྱས་ཡོད། ཟླ་འདིའི་ཚེས་ ༡༧ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ འཁོར་གྱི་ཡོད་པས་ཧ་ཅང་སེམས་སྐྱོ་པོ་ཞིག་རེད། ང་ཚོས་འདས་པའི་ལོ་ངོ་ ༢༥ རིང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་གཟུགས་གསལ་ཐང་ཡིན་མིན་དང་། གང་དུ་ཡོད་མེད། ག་རེ་གནང་གི་ཡོད་མེད། རིན་པོ་ཆེ་མཆོག་གི་ཡབ་ཡུམ་རྣམ་པ་དང་གཉེན་ཉེ་དུ་བཅས་ནས་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་ཐུབ་ཀྱི་ཡོད་མེད་སོགས་ཀྱི་སྐོར་ཤེས་ཀྱི་མེད།
རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་གསང་ཉར་བྱས་པ་དེ་བོད་མི་ཚོར་མཚོན་ན་ཧ་ཅང་ཆགས་སྒོ་ཆེན་པོ་རེད། རྒྱ་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་མ་གཏང་བར་ང་ཚོའི་ངོས་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དྲན་པའི་ཐོག་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན།
ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༧ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ འཁོར་གྱི་ཡོད་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་དགོང་དྲོ་ཆུ་ཚོད་བདུན་པའི་སྟེང་བོད་སྐད་ཐོག་དྲ་ལམ་བརྒྱུད་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་ཞུ་རྒྱུ་དང་། རིན་པོ་ཆེ་མཆོག་དྲན་གསོའི་ཆེད་སྒྲོན་མེ་མཆོད་འབུལ་གྱི་ལམ་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལས་འགུལ་སྤེལ་རྒྱུ་ཡིན།
འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་ཀྱི་གྲོགས་པོ་དང་བོད་མི་ཚོས་སྒྲོན་མེ་མཆོད་འབུལ་གྱི་ལམ་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དྲན་གསོ་དང་རྒྱ་ནག་གཞུང་ལ་རིན་པོ་ཆེ་མཆོག་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་རོགས། ཞེས་གསུངས།།