ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༠ རེས་གཟའ་ཉི་མ།
༄༅། །སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨ་རིར་བཅའ་བཞུགས་སེར་བྱེས་ཏྲེ་ཧོར་དགེ་བཤེས་ངག་དབང་འཕྲིན་ལས་ལགས་ཀྱིས་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་ཛ་དྲག་དུས་སྐབས་འདིར། བོད་མི་ཉམ་ཐག་ཁག་ཅིག་ལ་ངལ་སེལ་རོགས་རམ་ཆེད་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༩ ཉིན་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ནང་ཉིན་བརྒྱ་དུས་གཅིག་ཏུ་རོགས་དངུལ་ཧིན་སྒོར་ས་ཡ་གཅིག་བགོས་འགྲེམས་གནང་འདུག
དེ་ཡང་སྦེལ་ཀོབ་ལུགས་བདེ་གཞིས་ཆགས་གཉིས་སུ་དགེ་བཤེས་ངག་དབང་འཕྲིན་ལས་ལགས་ཀྱི་སྤུན་མཆེད་ཏྲེ་ཧོར་དགེ་བཤེས་ཐུབ་བསྟན་ཐབས་མཁས་དང་སེར་བྱེས་ཏྲེ་ཧོར་ཁང་ཚན་གྱི་ལས་སྣེ་རྣམ་པ་ཆེད་ཕེབས་ཐོག་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་དང་། གཞིས་ཆགས་སོ་སོའི་ས་གནས་འགོ་འཛིན་རྣམ་པས་བཀོད་བྱུས་སྟངས་འཛིན་འོག ཁུངས་སོ་སོའི་བོད་མི་ཉམ་ཐག་རྣམས་མཉམ་འབྲེལ་ཚོགས་ཁང་དུ་བསྡུ་བསྐོང་གིས་ངལ་སེལ་རོགས་དངུལ་བགོས་འགྲེམས་གནང་བ་དང་། ས་གནས་སུ་བཅར་མ་ཐུབ་པའི་ཉམ་ཐག་རྒས་གཅོང་དང་དབང་པོ་སྐྱོན་ཅན་རིགས་ལ་སོ་སོའི་ནང་དུ་ཕེབས་ནས་རོགས་དངུལ་ཕྱག་ཏུ་ཕུལ་ཐུབ་པ་བྱུང་ཡོད།
ཕྱོགས་མཚུངས་ལྷོ་ཕྱོགས་གཞིས་ཆགས་གཞན་གསུམ་སྟེ། མོན་གྷོ་འདོད་རྒུ་གླིང་དང་། ཀོ་ལེ་གྷལ་དོན་ལྡན་གླིང་། ཧུན་སུར་རབ་རྒྱས་གླིང་བཅས་སུའང་ས་གནས་འགོ་འཛིན་རྣམ་པས་ཐུགས་འགན་གཙོ་བཞེས་ཐོག་དགེ་བཤེས་ལགས་ཀྱི་སྐུ་ཚབ་ཆེད་ཕེབས་ཀྱིས་ཉམ་ཐག་རྣམས་ལ་རོགས་དངུལ་བགོས་འགྲེམས་གནང་ཡོད། ཐེངས་འདིར་ལྷོ་ཕྱོགས་གཞིས་ཆག་ཁག་ལྔའི་ནང་གི་བོད་མི་ཉམ་ཐག་གྲངས་ ༡༦༡ ལ་ཧིན་སྒོར་ ༥༠༠༠ རེ་དང་། རོགས་དངུལ་འཕྲོ་ལྷག་དེ་དག་ལྷོ་སྤྱི་ལས་ཁུངས་ཀྱི་ཁྱབ་ཁོངས་གྲོང་ཁྱེར་ཁག་ཏུ་ཡོད་པའི་བོད་པའི་སློབ་ཕྲུག་དང་། ལས་མི། ཙག་ཙིག་ཚོང་པ་བཅས་དཀའ་ངལ་འཕྲད་བཞིན་པའི་བོད་རིགས་མི་གྲངས་ ༣༩ ལ་ཧིན་སྒོར་ ༥༠༠༠ རེ་ལྷོ་སྤྱི་ལས་ཁུངས་བརྒྱུད་གང་མགྱོགས་གནང་རྒྱུ་ཡིན་པ་དང་། དེ་ཡང་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིིབས་གཉན་རིམས་འཛམ་གླིང་ཡོངས་སུ་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར། སེར་བྱེས་ཏྲེ་ཧོར་ཁང་ཚན་དགེ་བཤེས་ངག་དབང་འཕྲིན་ལས་ལགས་ཀྱིས་སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྤྱི་དང་། བཞིན། ཡང་ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་ཛ་དྲག་ངལ་སེལ་ལས་གཞིར་ཕྱར་གྲུ་མཉམ་འདེབས་ཞུ་སླད་ཐེངས་འདིར་ལས་འགུལ་དེ་ལྟར་བརྩམས་པ་ཞིག་ཡིན་འདུག
རོགས་དངུལ་དེ་དག་གཙོ་བོ་དགེས་བཤེས་ལགས་ཀྱི་འཁྲུངས་སྐར་ཉིན་གཞན་གྱིས་སྐྱེས་སུ་ཕུལ་བ་ཡིན་འདུག ཉམ་ཐག་རྣམས་ནས་ཀྱིས་དགེ་བཤེས་ལགས་ཀྱི་གཏོང་ཕོད་ཆེ་བའི་རླབས་ཆེན་གྱི་བྱ་བཞག་ལ་ཐུགས་རྗེ་ཆུ་ཞུ་དང་། ཡི་རང་བསྔགས་བརྗོད་རྒྱ་ཆེ་ཞུས་འདུག འདིར་ལྷོ་སྤྱི་ལས་ཁུངས་སོགས་འབྲེལ་ཡོད་ལས་ཁུངས་དང་། འབྲེལ་ཡོད་ས་གནས་འགོ་འཛིན་ཡོངས་ཀྱི་འགོ་ལས་ཡོངས་ནས་དགེ་བཤེས་ལགས་ལ་ཐུགས་རྗེས་ཆེ་ཞུས་པ་བཅས།།