ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་ལྷོ་ཕྱོགས་མོན་གྷོར་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་དགའ་ལྡན་བྱང་རྩེ་ཕ་ར་ཁམས་ཚན་གྱི་དགེ་བཤེས་བློ་བཟང་ཚེ་རིང་ལགས། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༥ དང་སྐར་མ་ ༥༥ ཐོག་དགོངས་པ་རྫོགས་ནས་ད་བར་ཉིན་གྲངས་ཉི་ཤུ་ལྷག་ཕྱིན་ཡོད་ཀྱང་ཐུགས་དམ་ལ་བཞུགས་མུས་ཡིན་འདུག སྐུ་ཤ་ཅུང་རིད་པ་མ་གཏོགས་སྐུ་ཤའི་མདངས་དང་བྲང་ཁོག་ལྟེ་བ་སོགས་གསོན་པོའི་གནས་སྐབས་བཞིན་གནས་པ་མ་ཟད། དབུ་སྐྲ་དང་སྨ་ར་སོགས་ཀྱང་སོར་གཅིག་ཙམ་སྐྱེས་ནས་བཞུགས་ཡོད་འདུག
དེ་ཡང་དམ་པ་ཁོང་དགོངས་པ་མ་རྫོགས་གོང་དགའ་ལྡན་བྱང་རྩེ་སྨན་ཁང་དུ་བཞུགས་ནས་ཉིན་གསུམ་ཙམ་སོང་སྐབས་ཁོང་གིས་སྨན་པར་རང་ཤག་ལ་ལོག་གཏོང་རོགས་གནང་ཐུགས་རྗེ་གཟིགས། ང་རང་གི་ཕུགས་བསམ་ཞིག་ཡོད་པ་དེ་ཆུད་ཟོས་སུ་མ་གཏང་རོགས་ཞེས་གསུངས་འདུག དེ་རྗེས་རང་ཤག་ཏུ་ཁོང་གིས་དགེ་ཕྲུག་ཚོར་ང་ཤི་བའི་རྗེས་ངའི་ཕུང་པོ་རྒྱུན་སྲོལ་ལྟར་དུར་ཁྲོད་དུ་ཞུགས་འབུལ་བྱོས། རིགས་ལྔ་ལ་སོགས་པ་མ་གཡོག་མི་དགོས། ཞེས་ཀྱང་གསུངས་འདུག དགེ་བཤེས་བློ་བཟང་ཚེ་རིང་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་གཤམ་གསལ་ལྟར་ཡིན།
དགེ་བཤེས་བློ་བཟང་ཚེ་རིང་ལགས་ནི། ཕྱི་ལོ་ ༡༩༤༡ ལོར་ཁམས་འབའ་ཐང་ལེ་བ་གྲོང་སྡེ་རུ་ཡབ་ཡེ་ཤེས་ཚུལ་ཁྲིམས་དང་ཡུམ་ཡེ་ཤེས་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ ༨ ཐོག་འབའ་ཆོས་སྡེ་དགའ་ལྡན་ཕན་བདེ་གླིང་གྲྭ་ཚང་དུ་རབ་ཏུ་བྱུང་ནས་འདོན་རྟ་དབྱངས་སོགས་ལ་སློབ་གཉེར་གནང་།
ཕྱི་ལོ་ ༡༩༥༧ དགུང་ལོ་ ༡༤ ཐོག་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་སྒོར་ཞུགས་ནས་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་དགའ་བ་མཆོག་གི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།
ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་བཟུང་བྱས་པར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་སྐྱེས་ཆེན་དམ་པ་དུ་མ་དང་མི་མང་འབུམ་གཅིག་ལྷག་ཙམ་བཅས་ཀྱི་རྗེས་སུ་འབྲངས་ནས་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་འདུག
དེ་རྗེས་དང་པོ་ཨ་སམ་མངའ་སྡེའི་ནང་ལོ་གཅིག་བཞུགས་འདུག དེ་ནས་༼ སྦག་ས༽ ཆོས་སྒར་དུ་གནས་སྤོ་གནང་ནས་ལོ་བཅུ་བཞུགས་རིང་བསྡུས་གྲྭ་ལོ་གསུམ། ཕར་ཕྱིན་ལོ་དྲུག དབུ་མ་ལོ་གཅིག་བཅས་གཞུང་ཆེན་ཁག་ལ་འབད་བརྩོན་གནང་བའི་ཞོར་ལ་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་དབང་ལུང་མན་ངག་དུ་མ་གསན་པ་མ་ཟད། ༡༽ འཇིགས་བྱེད་དཔའ་གཅིག ༢༽ རྣལ་འབྱོར་མ། ༣༽ གསང་བ་འདུས་པ། ༤༽ དམིགས་བརྩེ་མ་བཅས་ཀྱི་ལས་རུང་ཡང་བཞུགས་འདུག
ཕྱི་ལོ་ ༡༩༦༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཕྱི་ལོ་ ༡༩༧༠ ལོར་སྦག་ས་ཆོས་སྒར་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོར་གནས་སྤོ་གནང་ནས་མུ་མཐུད་དབུ་མ་དང་། མངོན་པ་མཛོད། འདུལ་བ་བཅས་གཞུང་ཆེན་ཁག་ལ་སློབ་གཉེར་མཐར་ཕྱིན་པ་གནང་། ཕྱི་ལོ་ ༡༩༨༣ ལོར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས།
ཕྱི་ལོ་ ༡༩༩༠ ལོར་དགའ་ལྡན་དུ་འཇང་དགུན་ཆོས་སྐབས་མཚན་ཕུད་དམ་བཅའ་དང་། ལོ་དེར་དགེ་བཤེས་ལྷ་རམས་པའི་དམ་འཇོག་ཀྱང་མཛད། ཕྱི་ལོ་ ༡༩༩༡ ལོ་གཅིག་རིང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་བསྐོར། ཕྱི་ལོ་ ༡༩༩༢ ནས་ ༡༩༩༥ ལོ་གསུམ་རིང་རྒྱུད་སྨད་དུ་འཇིགས་བྱེད་དཔལ་བོ་གཅིག་པའི་བསྙེན་ཆེན་བཞུགས།
ཕྱི་ལོ་ ༡༩༩༩ ལོར་ཟླ་དྲུག་རིང་རྒྱུད་སྨད་གྲྭ་ཚང་གི་དགེ་བསྐོས་གནང་བ་དང་། ལོ་དེར་སྔགས་ཀྱི་རྩོད་རྒྱུགས་ཕུལ་ནས་ཨང་གཉིས་པའི་མཚན་གནས་བཞེས་འདུག ཕྱི་ལོ་ ༢༠༠༠ ལོ་ནས་ ༢༠༠༡ ལོ་གཉིས་རིང་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཕྱག་མཛོད་ཁྲི་པའི་ཐུགས་འགན་བཞེས།
དམ་པ་ཁོང་གིས་གྲྭ་ཚང་རིན་པོ་ཆེའི་ལས་འགན་ཡོངས་སུ་གྲུབ་ནས་རིམ་བཞིན་གསང་འདུས་བསྙེན་ཆེན། བདེ་མཆོག་བསྙེན་ཆེན། རྣལ་འབྱོར་མའི་བསྙེན་ཆེན་དང་། དེ་བཞིན་ལྷ་མོ་དབྱངས་ཅན་མ་དང་། སྤྱན་རས་གཟིགས་སེང་གེ་སྒྲ། དྲག་པོ་གསུམ་སྒྲིལ། དཔལ་ལྡན་ལྷ་མོ་སོགས་ཀྱི་ལས་རུང་དང་། སྤྱན་རས་གཟིགས་ཀྱི་སྒོ་ནས་སྙུང་གནས་ཆ་བརྒྱ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཚེ་སྒྲུབ་བཅས། མདོར་ན་དགོངས་པ་མ་རྫོགས་བར་དགེ་སྦྱོར་གྱི་ཉམས་ལེན་ནར་མར་གནང་ནས་བཞུགས་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།