༢༠༢༠ ཟླ་ ༥ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་ ༢༠༢༠ ཟླ་ ༥ ཚེས་ ༤ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢ ཉིན་ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་བཅས་ཐེ་ཝན་ནང་གསར་དུ་དབུ་འབྱེད་གནང་བའི་དུང་ལོའོ་ཝན་དེབ་ཁང་ (Causeway Bay Books) དུ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་བར་ཕེབས་ཡོད་པ་རེད། ཐེ་སྡོད་བོད་རིགས་ཚོགས་པའི་ངོས་ནས་ཐེ་ཝན་ནང་བསྐྱར་དུ་དེབ་ཁང་གསར་འཛུགས་གནང་ཐུབ་པ་དེར་རྒྱབ་སྐྱོར་མཚོན་ཆེད་བོད་ལུགས་དཀར་གཙང་མཇལ་དར་དང་། བོད་ཡིག་དང་རྒྱ་ཡིག་བཅས་ཡི་གེ་སོ་སོའི་ནང་ ༼ བདེན་པ་ཉིད་རྒྱལ་ ༽ཞེས་འཁོད་པའི་ཕྱག་རྟགས་ཕུལ་གནང་བ་རེད།
ཚོགས་གཙོ་བསྟན་འཛིན་རྣམ་དག་ལགས་ཀྱིས་གསུང་དོན། ཐེ་ཝན་ནི་མང་གཙོ་དང་། གཏམ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་ཐད་སྲུང་སྐྱོབ་བྱེད་མཁན་གྱི་ས་ཆ་ཞིག་ཆགས་ཡོད་པའི་རྟགས་མཚན་གསལ་པོ་དང་། དུང་ལོའོ་ཝན་དེབ་ཁང་བསྐྱར་དུ་ཐེ་ཝན་ནང་བཙུགས་ཐུབ་པ་དེས། རྒྱ་ནག་མི་རིགས་ལ་ཆ་བཞག་ན་རྒྱ་ནག་ནང་གི་དངོས་ཡོད་གནས་ཚུལ་དེབ་ཁང་འདིའི་ནང་གི་དཔེ་དེབ་ཁག་བརྒྱུད་ཤེས་རྟོགས་ཐུབ་པའི་ལམ་བུ་གསར་པ་ཞིག་ཆགས་ཡོད་པས་ང་ཚོའི་ངོས་ནས་དགའ་བསུ་དང་། རྒྱབ་སྐྱོར་མཚོན་ཆེད་བཅར་བ་ཡིན་ཞེས་ངོ་སྤྲོད་གནང་གི་འདུག
དུང་ལོའོ་ཝན་དེབ་ཁང་ཐོག་མར་སྐུ་ཞབས་ལིན་རོང་ཅིའི་ལགས་ཀྱིས་ཕྱི་ལོ་ ༡༩༩༤ ལོར་ཧོང་ཀོང་ནང་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། གཙོ་བོ་རྒྱ་ནག་ནང་བལྟ་ཀློག་མི་ཆོག་པའི་དཔེ་དེབ་ཚོང་གཉེར་བྱེད་ཀྱི་ཡོད་སྟབས། མཐའ་མ་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་དེབ་ཁང་སྒོ་བརྒྱག་དགོས་བྱུང་བ་དང་། ཕྱི་ལོ་ ༢༠༡༩ ལོར་སྐུ་ཞབས་ལིན་རོང་ཅིའི་ཐེ་ཝན་དུ་བྲོས་བྱོལ་ལ་འབྱོར་རྗེས་དེབ་ཁང་བསྐྱར་དུ་གཉེར་རྒྱུའི་ལས་དོན་འགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༥ ཉིན་དེབ་ཁང་གསར་པ་དབུ་འབྱེད་གནང་བར་ཐེ་ཝན་གཞུང་མང་གཉིས་ནས་རྒྱབ་སྐྱོར་དང་དོ་སྣང་ཆེན་པོ་གནང་བཞིན་ཡོད་པ་རེད།
དེབ་ཁང་འདིའི་ནང་བོད་དོན་སྐོར་གྱི་དཔེ་དེབ་དང་། གངས་ལྗོངས་དཔེ་སྐྲུན་ཁང་ནས་འདོན་སྤེལ་གནང་བའི་དཔེ་དེབ་གང་མང་འགྲེམ་ཚོང་གནང་གི་ཡོད་པས་བོད་དོན་ངོ་སྤྲོད་ཆེད་ནུས་པ་གང་འཚམས་ཐོན་ཐུབ་ཀྱི་ཡོད་པ་རེད།