ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །རེས་གཟའ་མིག་དམར་དང་པ་སངས་ནམ་ཡིན་ལ་བོད་མིའི་སྒྲིག་འཛུགས་ནས་ཝུ་ཧན་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་ལས་དོན་ཇི་སྤེལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་ལས་ཁུངས་ཁག་གི་དྲུང་ཆེ་སོགས་ལྷན་འཛོམས་ཐོག་ལས་དོན་སྙན་སེང་དང་གོ་བསྡུར་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༦ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་ལས་ཁུངས་ཁག་གི་དྲུང་ཆེ་སོགས་ལྷན་འཛོམས་ཐོག་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་ལས་དོན་ཇི་སྤེལ་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྙན་སེང་དང་འབྲེལ་གོ་བསྡུར་གནང་ཡོད།
དེ་ཡང་ཕྱི་དྲིལ་ཀམ་པུ་ཊར་སྡེ་ཚན་ནས་ཉེ་ཆར་ཏོག་དབྱིབས་གཉན་རིམས་ངལ་སེལ་དང་འབྲེལ་བའི་དམིགས་བསལ་དྲ་ཚིགས་བོད་ཨིན་བཅས་སྐད་ཡིག་གཉིས་ཐོག་གསར་བཟོ་གནང་བ་དེར་མང་ཚོགས་ནས་གང་མང་ལྟ་ཀློག་གནང་བཞིན་ཡོད་སྐོར་སོགས་སྙན་སེང་ཞུས་རྗེས་ཤེས་རིག་ཟུང་དྲུང་བསོད་ནམས་བཟང་མོ་ལགས་ཀྱིས་ད་ཆ་བོད་པའི་སློབ་ཕྲུག་གྲངས་ ༡༠༠༠ ལྷག་ཙམ་མཐོ་སློབ་ཁག་ཏུ་ཡོད་སྐོར་དང་། ཁག་གཅིག་ཡིག་རྒྱུགས་འགྲོ་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་ཞུས།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། དྲུང་ཆེ་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ངལ་སེལ་དང་འབྲེལ་བའི་དམིགས་བསལ་དྲ་ཚིགས་དེ་བཞིན་གཞན་ལའང་གང་མང་བརྒྱུད་སྐུལ་གནང་དགོས་སྐོར་དང་། ད་ཆ་རྒྱ་གར་དབུས་དང་ས་གནས་ཀྱི་ལས་ཁུངས་ཁག་སྒོ་ཕྱེ་བཞིན་ཡོད་སྟབས། ཕྱི་ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་འཛིན་སྐྱོང་བཀོད་ཁྱབ་འོག ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ནས་བཟུང་ལས་བྱེད་བརྒྱ་ཆ་ ༥༠ རེས་མོས་མིན་པར་ཚང་མར་ལས་ཁུངས་སུ་ལས་བཅར་ཞུ་དགོས་པ་དང་། དེ་ཡང་སྔ་དྲོ་ཆུ་ཚོད་ ༨ ནས་ཕྱི་དྲོ་ ༤ བར་ཡིན་པ་གསལ་བསྒྲགས་གནང་ཡོད། སྲི་ཞུའི་ལས་བྱེད་རྣམས་ལས་ཁུངས་སུ་ལས་བཅར་ཞུ་སྐབས་ཕན་ཚུན་རྒྱང་ཐག་འཇོག་དགོས་པ་མ་ཟད། ཁ་རས་ངེས་པར་དུ་གྱོན་དགོས་སྐོར་གྱི་ལམ་སྟོན་གནང་ཡོད། ཕྱོགས་མཚུངས་རེས་གཟའ་ལྷག་པ་དང་སྤེན་པ་དང་པོ་ནམ་ཡིན་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་སྔ་དྲོ་ཆུ་ཚོད་ ༨ ནས་ ༡ བར་རང་ཁྱིམ་དུ་ལས་ཀ་བྱེད་དགོས་པ་དང་། དགོས་ངེས་ཅན་ཡིན་ན་མ་གཏོགས་ཕྱི་ལ་མ་ཕེབས་པར་རང་ཁྱིམ་དུ་བཞུགས་དགོས། ཞེས་དང་། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་ཐབས་ལམ་གཞན་མེད་སྟབས། འགོ་ཉེན་ཆེ་བའི་ནད་གཞི་དེར་ཚང་མས་ཡིད་གཟབ་དགོས་སྐོར་སོགས་གསུངས།
དེ་ནས་འཕྲོད་བསྟེན་བཀའ་བློན་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་འོག་ད་ཆ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འགོག་དབྱེ་ཟུར་འཇོག་ཁང་པ་ཡོད་པ་དང་། ཕྱོགས་མཚུངས་རྡ་ས་ལྟ་བུར་མཚོན་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཡིན་སྟབས་ས་གནས་གཞན་ལས་འགྲུལ་བཞུད་བྱེད་མཁན་མང་བ་ཡོད་པར་བརྟེན། སྒྲིག་འཛུགས་ནས་ས་གནས་གཞན་དང་མི་འདྲ་བར་སོ་སོའི་ནང་དུ་འགོག་དབྱེ་ཟུར་འཇོག་ཁང་གི་མཐུན་འགྱུར་སྦྱར་དང་སྦྱོར་བཞིན་ཡོད་པ་མ་ཟད། མི་ཆའི་ཆ་ནས་ཡང་མཐུན་འགྱུར་ཡོད་སྐོར་སོགས་གསུངས།
དེ་རྗེས་རྡ་ས་ས་གནས་འགོ་འཛིན་གྱིས་ཕྱི་ནས་རྡ་སར་ཕེབས་མཁན་རྣམས་ཀྱིས་ས་གནས་འགོ་འཛིན་ལས་ཁུངས་སུ་འབྲེལ་བ་ངེས་པར་དུ་ཞུ་རོགས་ཞེས་འབོད་སྐུལ་ཞུས། དེ་ནས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ད་ཆ་ཤུག་གསེབ་འགོག་དབྱེ་ཟུར་འཇོག་ཁང་དུ་བོད་མི་ཁྱོན་མི་གྲངས་ ༡༧ ཡོད་པ་དེ་དག་ལ་བརྟག་དཔྱད་བྱེད་སྐབས་ནད་རྟགས་རིགས་གང་ཡང་ཐོན་མེད་སྐོར་སོགས་སྙན་སེང་ཞུས་ཡོད་པ་བཅས། །