ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༢ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གཙོས་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། རྡ་ས་ས་གནས་འགོ་འཛིན། གཞན་ཡང་བོད་མིའི་སྒྲིག་འཛུགས་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ཚང་འཛོམས་ཀྱིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། བོད་མི་གནས་སྡོད་ཁག་བཅས་སུ་གཉན་རིམས་དང་འབྲེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་ཤེས་རིག་ལས་ཁུངས། འཕྲོད་བསྟེན་ལས་ཁུངས། དཔལ་འབྱོར་ལས་ཁུངས་སོགས་ནས་ལས་དོན་སྤེལ་ཕྱོགས་ཐད་སླར་ཡང་གོ་བསྡུར་གནང་ཡོད།
སྐབས་དེར་ནང་སྲིད་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས། ད་བར་བོད་མི་དཀའ་ངལ་ཅན་མི་གྲངས་ ༤༠༠ ལྷག་ཙམ་གྱི་ཁ་པར་འབྱོར་བཞིན་ཡོད་པར་བརྟེན་ཁོང་རྣམས་ཀྱི་དཀའ་ངལ་སེལ་ཆེད་ཁ་པར་བརྒྱུད་ལམ་སྟོན་ཞུ་བཞིན་ཡོད་སྐོར་དང་། ཕྱོགས་མཚུངས་ནང་སྲིད་སྡེ་འགན་མིག་དམར་བུ་ཁྲིད་ལགས་ཀྱིས། དེ་སྔོན་རྒྱ་གར་ས་གནས་ Tamil Nadu ལ་སོགས་ཀྱི་ཁུལ་དུ་ཡོད་པའི་བོད་མི་ཁག་གཅིག་ལ་འགྲུལ་བཞུད་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་རྣམས་ད་ཆ་ལྷོ་སྤྱི་ནས་དཀའ་ངལ་རྣམས་སེལ་བཞིན་ཡོད་སྐོར་སྙན་སེང་ཞུས་པར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་མི་ཡོངས་ལ་བོད་མིའི་བདེ་སྡུག་ཆེད་ལས་དོན་ཧུར་ཐག་གནང་བར་ཡི་རང་བསྔགས་བརྗོད་གནང་བ་དང་འབྲེལ་མུ་མཐུད་ཧུར་བརྩོན་གནང་དགོས་པའི་ལམ་སྟོན་ཡང་གནང་སོང་།
དེ་ནས་རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་ཀྱིས། ལ་སྤྱི་ལས་ཁུངས་ནས་རྡ་ས་གནས་འགོ་འཛིན་ལས་ཁུངས་སུ་རེ་སྐུལ་གནང་བ་བཞིན། རྡ་ཤོད་བོད་ཁྱིམ་དུ་སློབ་ཕྲུག་གྲངས་ ༢༣ དང་མི་རྒན་པ་ ༣ བཅས་ཁྱོན་མི་གྲངས་ ༢༦ རྣམས་ལ་ལ་དྭགས་དབུས་འཛིན་མངའ་ཁུལ་ UT ནས་ལམ་གྲོན་བརྒྱ་ཆ་ཕྱེད་ཀ་ཞིག་མཐུན་འགྱུར་གནང་རྒྱུ་དང་། སྐབས་དེར་ལ་དྭགས་དང་ཇམ་མུ་ཀ་ཤི་མིར།་Jammu & Kashmir ཧི་མཱ་ཅལ་བཅས་ས་གནས་སོ་སོའི་ཆེད་འཛུགས་འབྲེལ་མཐུད་ལས་ཁུངས་ NODAL ནས་ལ་སྤྱི་ལས་ཁུངས་སུ་རྡ་སར་ཡོད་པའི་ལ་དྭགས་ཁུལ་གྱི་བོད་མི་ཙམ་མ་ཟད། ལ་དྭགས་ཡུལ་མི་རྣམས་འགྲུལ་ཞུ་བྱ་རྒྱུའི་རོགས་རམ་གནང་རོགས་ཞེས་འབོད་སྐུལ་གནང་བ་བཞིན། རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ནས་ད་ཆ་ཁོང་རྣམས་འགྲུལ་བཞུད་ཆེད་འབད་བརྩོན་གནང་བཞིན་ཡོད་པ་མ་ཟད། ཁོང་རྣམ་པར་མོ་ཊའི་མཐུན་འགྱུར་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་སོགས་ཀྱིས་སྦྱིན་བདག་འཚོལ་སྒྲུབ་ཞུས་ཡོད་སྐོར་གསུངས།
དེ་རྗེས་ཤེས་རིག་ཟུང་དྲུང་བསོད་ནམས་བཟང་མོ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཛ་དྲག་གི་དུས་སྐབས་འདིར། མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་སློབ་ཕྲུག་དང་། སློབ་ཕྲུག་ཉམ་ཐག་བཅས་ཁྱོན་མི་གྲངས་ ༢༠༣ ལ་འཚོ་སྣོན་ཧིན་སྒོར་ ༥༠༠༠ རེ་ཕུལ་ཡོད་པ་དང་། ཕྱོགས་མཚུངས་སློབ་གྲྭའི་སློབ་ཕྲུག་ཉམ་ཐག་ཁོངས་སུ་ཡོད་མཁན་སློབ་མ་ ༡༧༨ ལ་ཧིན་སྒོར་ ༢༠༠༠ རེ་ཕུལ་ཡོད་སྐོར། ཕྱི་ཚེས་ ༧ བར་མཐོ་སློབ་ཁག་ཏུ་སློབ་ཕྲུག་ ༤༢༧ ལྷག་ཙམ་ཡོད་སྐོར།
གཞན་ཡང་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་ས་གནས་བ་རོ་ཌ་ནང་མཐོ་སློབ་ཏུ་སྐྱོད་བཞིན་པའི་བོད་པའི་སློབ་ཕྲུག་ཁག་གཅིག་ལ་འགྲིམ་འགྲུལ་གྱི་མཐུན་རྐྱེན་སྦྱར་ཏེ་ཁོང་རྣམས་རྡེ་ར་རྡུན་དུ་བདེ་ཐང་ངང་འབྱོར་ཡོད་པ་དང་། ད་ཆ་སློབ་ཕྲུག་རྣམས་རྡེ་ར་རྡུན་མ་སུ་རི་བོད་ཁྱིམ་སློབ་གྲྭར་ Gohri Mafi འགོག་དབྱེ་ཟུར་འཇོག་ཏུ་བཞུགས་ཡོད་པ། ཤེས་རིག་ལས་ཁུངས་ནས་དེ་ལྟ་བུའི་དཀའ་ངལ་འཕྲད་བཞིན་པའི་སློབ་ཕྲུག་རྣམས་ལ་མཐུན་འགྱུར་གནང་དང་གནང་བཞིན་ཡོད་ཅེས་གསུངས།
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་དུ་རང་རིགས་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་རྐྱེན་ངན་འོག་འདས་གྲོངས་སུ་གྱུར་པའམ། ནད་ཀྱིས་མནར་བཞིན་པ་རྣམས་མྱུར་གྲོལ་ཆེད་སྨོན་ལམ་གསུང་འདོན་དང་། རྐྱེན་སེལ་རིམ་གྲོ་གནང་བཞིན་ཡོད་པ་བོད་ཀྱི་བརྙན་འཕྲིན་བརྒྱུད་ཉིན་ལྟར་ཐད་སྲིང་གནང་བཞིན་ཡོད་པ་སོགས་ཀྱི་སྐོར་སྙན་སེང་ཞུས། དེ་ནས་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་དཔལ་འབྱོར་གནས་བབ་སོགས་ངོ་སྤྲོད་གནང་།
མཐར་ད་ཆ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁྲོད་སོ་སོའི་སྡོད་སའི་གཞིས་ཆགས་ཁག་གི་རྒྱལ་སྒོ་རྣམས་ཚགས་ཚུད་ངང་སྲུང་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་ཀྱི་རྒྱལ་སྒོ་ལ་སོགས་བཀག་འགོག་བྱེད་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་ལྷུག་པོ་གནང་སྟེ་ཚོགས་འདུ་གྲོལ་ཡོད་པ་བཅས།