༢༠༢༠ ཟླ་ ༥ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༢ ཉིན་ཏཱ་ལའི་བླ་མའི་དགེ་རྩས་བཞུགས་སྒར་ཉེ་ཁྲིས་སུ་རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་སྡེའི་གཞུང་གི་སྨན་ཁང་ Tanda Hospital ཞེས་པར་ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་གནང་མཁན་སྨན་པ་དང་སྨན་ཞབས། འབྲེལ་ཡོད་ལས་བྱེད་དང་བཅས་པར་ཉེ་བར་མཁོ་བའི་ཁ་རས་དང་ཉེན་སྲུང་ཡོ་ཆས་རང་འགྲིགས་སམ་ Personal Protective Equipment ཞེས་པ་ལྔ་བརྒྱ་ཐམ་པ་ཞལ་འདེབས་གནང་འདུག
སྤྱིར་དེང་སྐབས་རྒྱ་ནད་ཁྱབ་གདལ་ཆེ་བའི་དུས་སྐབས་འདིར་སྤྱི་ཚོགས་ཡོངས་ཀྱི་འགྲོ་སྐྱོད་ལ་གཞུང་གིས་དམ་བསྒྲགས་བཀའ་རྒྱ་བསྡམས་པར་བརྟེན། འཛམ་གླིང་སྤྱིའི་མིའི་སེམས་ཁམས་ལ་འཕྲད་བཞིན་པའི་དཀའ་ངལ་ལ་ནང་ཆོས་དང་དངོས་ཡོད་གནས་སྟངས་གཉིས་ལ་གཞི་བཅོལ་ནས་གདོང་ལེན་ཇི་ལྟར་བྱེད་དགོས་པའི་སྐོར་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གསུང་གི་བདུད་རྩི་ཡང་ཡང་ཕེབས་པ་མ་ཟད། ཏཱ་ལའི་བླ་མའི་དགེ་རྩའི་ངོས་ནས་རྒྱ་གར་ཡུལ་མི་དབུལ་ཕོངས་ཉམ་ཐག་དང་། གྲོང་རྡེལ་གནས་སྡོད་རྒྱ་གར་མང་ཚོགས། དེ་བཞིན་ས་གནས་གཞན་ནས་རྡ་སར་ཡོང་བའི་ཉིན་གླར་བརྟེན་ནས་འཚོ་བཞིན་པའི་རྒྱ་གར་བ་རྣམས་ལ་སྐམ་ཟས་རིགས་བགོ་འགྲེམས་ཐེངས་མང་གནང་ཡོད་འདུག
དེ་ཡང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་བྱུང་མ་ཐག་བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ནརེནྡྲ་མོ་ཌི་མཆོག་གི་མཚན་ཐོག་ངལ་སེལ་ཐེབས་རྩར་ PM cares fund ཞལ་འདེབས་གསོལ་སྩལ་མཛད་པ་མ་ཟད། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཡོངས་ཀྱིས་ཉིན་གཅིག་གི་གསོལ་ཕོགས་ངལ་སེལ་ལས་གཞིར་ཞལ་འདེབས་སུ་ཕུལ་འདུག་པ་བཅས།།