༢༠༢༠ ཟླ་ ༥ ཚེས་ ༥ རེས་གཟའ་མིག་དམར།
༄༅། །ཆབ་སྲི་བཙོན་ཟུར་ཚེ་རིང་བག་གྲོ་ལགས་རྒྱ་ནག་གིས་བཙོན་འཇུག་འོག་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་པར་བརྟེན་བཙོན་ཁང་ནས་གློད་བཀྲོལ་གཏོང་སྐབས་ལུས་ནད་གཅོང་དུ་གྱུར་བར་བརྟེན་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་སྐུ་གྲོངས་ཡོད་འདུག
རྒྱལ་གཅེས་པ་ཚེ་རིང་བག་གྲོ་ལགས་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྒྱ་མ་ཤང་ནས་ཡིིན་པ་དང་། ཆུང་དུས་སུ་ལྷ་སའི་ཤར་ཕྱོགས་དགའ་ལྡན་དགོན་དུ་ཆོས་ཞུགས་ཀྱིས་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་གནང་སྐབས་ཏེ་ཕྱི་ལོ་ ༡༩༩༠ ནང་རྒྱ་ནག་གཞུང་གིས་བོད་ནང་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་ཟེར་བའི་ཆབ་སྲིད་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་ཏེ། བོད་ཀྱི་རིས་མེད་དགོན་སྡེ་ཁག་གི་ནང་བོད་མི་ཡོངས་ཀྱི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཙམ་ཡང་སྒྲིག་ཤོམ་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་ལ་མ་བཟོད་ནས། རྒྱལ་གཅེས་པ་ཁོང་དང་ཁོང་གི་ཕྱག་རོགས་འགའ་ཤས་ཀྱིས་ཕྱི་ལོ་ ༡༩༩༢ ཟླ་ ༦ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་འདུག ལག་ཏུ་བོད་ཀྱི་རྒྱལ་དར་ཐོགས་བཞིན་ངག་ནས་བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིགས། བོད་ཀྱི་བདག་པོ་བོད་མི་ཡིན། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་སྐད་གསང་མཐོན་པོའི་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱས་མ་ཐག་རྒྱ་ནག་གཞུང་གིས་སྤྱི་བདེ་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་འཁྲིད་བྱས་འདུག ལྷ་སའི་དགུ་ཚ་བཙོན་ཁང་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་པ་རེད།
བཙོན་ཁང་གི་ཁོར་ཡུག་དང་ཆ་རྐྱེན་ཧ་ཅང་ཞན་པོ་ཡིན་པའི་ཁར། བཙོན་ལྟོར་བཅུད་མེད། རྟག་ཏུ་བཙོན་སྲུང་བས་འདྲི་རྩད་སྣ་ཚོགས་ཀྱིས་ལུས་སེམས་གཉིས་ཀར་སུན་གཙེར་བཟོས་མཐར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཟེར་བས་མི་ལོ་ ༨ བཙོན་འཇུག་ཁྲིམས་ཐག་བཅད།
ཁོང་གི་ཆབ་སྲིད་ཀྱི་དབང་ཆ་ལོ་གཉིས་བཙན་འཕྲོགས་བྱས་ཏེ་སྤྱི་ལོ་ ༡༩༩༢ ལོའི་ཟླ་ ༡༡ ནང་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས། སྤྱི་ལོ་ ༢༠༠༠ ལོའི་ཟླ་ ༦ ཚེས་ ༩ ཉིན་དུས་བཀག་བཙོན་འཇུག་གི་ལོ་དུས་རྫོགས་ཏེ་བཙོན་ནས་གློད་བཀྲོལ་ཐོབ་ཀྱང་ལུས་གཅོང་བཟོས་ཟིན་སྟབས། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༦ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་བཅས།།