༢༠༢༠ ཟླ་ ༥ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༣ ཉིན་སུད་སི་གྲོས་ཚོགས་འཐུས་མི་བཅོ་ལྔས་སྐད་ཡིག་གསུམ་བརྒྱུད་ནས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནང་མི་དང་བཅས་པར་འཕྲལ་མར་གློད་བཀྲོལ་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ་དང་། ཕྱོགས་མཚུངས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་བཅུ་གཉིས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
དེ་ཡང་རྒྱལ་སྤྱིའི་ཁྱོན་དུ་ལས་འགུལ་དེ་ལྟར་སྤེལ་བཞིན་པ་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནང་མི་དང་བཅས་བཙན་འོག་ནས་གར་སོང་ཆ་མེད་དུ་གྱུར་ཏེ་ད་བར་མི་ལོ་ཧྲིལ་པོ་ ༢༥ འཁོར་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་གཞིགས་ནས་བོད་མིའི་སྒྲིག་འཛུགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རིགས་སྤྱི་མཐུན་ཚོགས་པ། གཞུང་འབྲེལ་མིན་པའི་ཚོགས་པ་གཞན་སོགས་ཀྱིས་ད་བར་སྔ་རྗེས་ལས་འགུལ་ཤུགས་ཆེ་སྤེལ་བར་བརྟེན་ནས་བྱུང་རྒྱབ་སྐྱོར་དེ་ལྟར་ཐོབ་ཐུབ་པ་བྱུང་ཡོད།
དེ་ཡང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་བཅུ་དྲུག་གི་ཞུ་སྙན་ནང་འཁོད་དོན། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གི་བཙན་འོག་ནས་གར་སོང་ཆ་མེད་དུ་གྱུར་ཏེ་ད་ཆ་བགྲང་བྱ་ཧྲིལ་པོ་ ༢༥ འཁོར་བཞིན་པའི་དུས་སྐབས་འདིར། ང་ཚོ་གཤམ་འཁོད་མིང་ཅན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི། གཞན་ཡང་བོད་མི་ཆབ་སྲིད་བཙོན་པ་གཞན་རྣམས་འཕྲལ་མར་གློད་བཀྲོལ་དགོས་པའི་རེ་འདུན་ཞུ་བཞིན་ཡོད། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་སྟངས་ཙམ་ཡང་ཤེས་རྟོགས་མེད་བཞིན་དུ། འདི་ལོར་བོད་མི་ཚོས་རིན་པོ་ཆེ་མཆོག་གུང་གྲངས་ ༣༡ བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་དགོས་བྱུང་ཡོད། དེར་བརྟེན་རྒྱ་ནག་གཞུང་གི་བྱེད་བབ་དེ་ནི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་ཙམ་མ་ཟད། བོད་མི་ཚོར་ཡང་རང་གི་བླ་མ་མཇལ་བའི་ཐོབ་ཐང་བཙན་འཕྲོག་བྱས་རྐྱེན་ང་ཚོས་རྒྱ་ནག་གཞུང་གི་བྱེད་བབ་དེ་ཁྲིམས་འགལ་གྱི་བྱེད་བབ་མུ་མཐུད་ལག་བསྟར་བྱེད་བཞིན་པར་ངོས་འཛིན་བྱ་རྒྱུ་ཡིན།
ང་ཚོས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཡུ་རོབ་སྤྱི་མཐུན་ཚོགས་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནང་མི་དང་བཅས་པར་མགྱོགས་མྱུར་གློད་བཀྲོལ་ཡོང་བ་དང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལམ་ལུགས་སྤྱི་དང་། ལྷག་པར་བླ་སྤྲུལ་ཡང་སྲིད་རྩད་གཅོད་ཞུ་རྒྱུའི་ལམ་ལུགས་ལ་ཇུས་གཏོགས་བྱེད་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་ཡོང་ཐབས་གནང་རོགས་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་འདུག
སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་གསུང་དོན། ཐེངས་འདིར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་ཚོར་ཤུགས་ཆེན་པོས། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འོག་ནས་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་ལ་བསྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྩད་གཅོད་ཞུ་རྒྱུའི་སྲོལ་རྒྱུན་ལམ་ལུགས་ཐད་ཇུས་གཏོགས་བྱས་པ་དེར་ཡང་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད། དེར་བརྟེན་ང་ཚོས་གྲོས་ཚོགས་འཐུས་མི་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འབོད་སྒྲར་གསན་འཇོག་གནང་ནས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་རྣམས་མགྱོགས་མྱུར་གློད་བཀྲོལ་དགོས་པ་དང་། བོད་མིའི་ཐོག་དྲག་གནོན་མཚམས་འཇོག་གིས་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཆེད་རྒྱ་ནག་གཞུང་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱེད་དགོས། དེ་བྱུང་ན་ཨེ་ཤི་ཡའི་ཁྱོན་དུའང་ཞི་བདེ་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་པར་ཕན་ཐོགས་རླབས་ཆེན་ཡོང་ངེས། ཞེས་གསུངས།
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་བཅུ་གཉིས་རྣམས་ནི།
František Kopříva, Dana Balcarová, Jan Čižinský, Jakub Janda, Lenka Kozlová, Tomáš Martínek, Jakub Michálek, Vít Rakušan, Olga Richterová, Ondřej Veselý, Tomáš Vymazal and Marek Výborný.