༢༠༢༠ ཟླ་ ༥ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ཁེ་ན་ཌའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌེ་ཝིཌ་སུ་ཝིཌ་ MP David Sweet མཆོག་གིས་ཡུལ་དེའི་གྲོས་ཚོགས་འོག་མའི་ནང་དུ། ཁེ་ན་ཌའི་གཞུང་གིས་བོད་ཀྱི་གནད་དོན་གསལ་ཆེད་གྲོས་མོལ་ཡོང་རྒྱུར་བཟང་ཕྱོགས་ཀྱི་རེ་བ་ཙམ་བརྒྱབ་ནས་མ་བཞུགས་པར་དེ་སྔ་ལས་ལྷག་པའི་བོད་དོན་ཐོག་རྒྱབ་སྐྱོར་གྱི་ལས་འགུལ་ཤུགས་ཆེ་ཙམ་སྤེལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག དེ་ཡང་ཁོང་གིས། ང་ཚོ་ནི་འཛམ་གླིང་ནང་མང་གཙོའི་རིང་ལུགས་སྣེ་འཁྲིད་མཁན་གྱི་རྒྱལ་ཁབ་ཅིག་ཡིན། ང་ཚོས་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ངེས་པར་བྱེད་དགོས། རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཤར་ཏུར་ཀི་སི་ཐན་དང་བོད་མི། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་སོགས་ལ་སྡུག་སྦྱོང་མནར་གཅོད་ཇི་ཙམ་བཏང་ཡང་ང་ཚོས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཛིན་ནས་བཏང་སྙོམས་སུ་ཇི་ལྟར་གནས་ཐུབ་བམ། ཞེས་སྲིད་གཞུང་ལ་དྲི་བ་གནད་འགག་ཆེན་པོ་དེ་ཕུལ་འདུག
དེ་ཡང་རྙིང་ཞེན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་མཆོག་གིས། སྲིད་འཛིན་ཞི་ཅིན་པིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེ་བཏང་དང་གཏོང་བཞིན་པ་དང་། ལྷག་པར་ཤར་ཏུར་ཀི་སི་ཐན་དང་བོད་པ། སྒོམ་སྒྲུབ་ཉམས་ལེན་པ། ཡེ་ཤུའི་ཆོས་པ་སོགས་ཀྱི་གནས་སྟངས་ལུང་འདྲེན་གནང་བ་མ་ཟད། ད་བར་མུ་མཐུད་རྒྱལ་སྤྱིའི་ཁྲིམས་ལུགས་ལ་རྩིས་མེད་ཐོག་ཁྲིམས་འགལ་གྱི་ཉེས་ཅན་མང་དག་ཅིག་སྤེལ་དང་སྤེལ་མུས་རེད། ཅེས་གསུངས།
དེ་ཡང་ཁོང་གིས། རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་བྱས་ངན་དེ་ལ་བརྟེན་ནས་ང་ཚོས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་མི་རུང་། གང་ཡིན་བརྗོད་ན་རྒྱ་མི་རིགས་ལ་མཚོན་ན་ཁོང་ཚོའང་རྒྱ་ནག་དམར་ཤོག་ཚོགས་པའི་དམ་བསྒྲགས་འོག་དཀའ་སྡུག་མྱོང་བཞིན་ཡོད། ཁེ་ན་ཌའི་གྲོས་ཚོགས་ནང་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ནང་ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་ལམ་ཐོག་དམིགས་བསལ་ཚོགས་ཆུང་བཙུགས་ཡོད། ཅེས་གསུང་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་པ་སོགས་ལ་བརྟེན་ནས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༤ རང་ལུས་མེར་སྲེག་ལམ་ནས་ཞི་རྒོལ་རྔམ་སྟོན་གནང་ཡོད་པ་དང་། ཁེ་ན་ཌའི་གཞུང་ནས་ད་བར་རྒྱ་ནག་གཞུང་གི་བྱེད་བབ་དེར་སྐྱོན་བརྗོད་གནང་མ་ཐུབ་པ་གང་ཡིན་ནམ། ཞེས་དྲི་བ་ཤུསག་ཆེ་ཞིག་བཏོན་འདུག
ཕྱོགས་མཚུངས་དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་རྒྱ་ནག་ནས་དར་བའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགྲོ་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར་གནས་དུས་ཚོད་རྩིས་བྱེད་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བའི་ནང་དུ་ཧོང་ཀོང་ནང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་ཟེར་བ་དེ་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱས་ཟིན། དེ་ནི་འཛམ་གླིང་མི་མང་ད་ཆ་ཏོག་དབྱིབས་གཉན་རིམས་ལ་མགོ་འཁོར་ནས་ཧོང་ཀོང་ནང་རང་སྣང་གང་དྲན་བྱེད་ཆོག་བསམས་པས་རེད། འོན་ཀྱང་ཧོང་ཀོང་མི་མང་སྟོང་ཕྲག་མང་པོས་ཁྲིམས་གསར་པ་དེར་མོས་མཐུན་རྩ་བ་ནས་མེད་པའི་ཞི་རྒོལ་རྔམ་སྟོན་གནང་ཡོད།
ད་ཆ་ང་ཚོའི་མིག་གི་མདུན་དུ་དེ་སྔ་ཨིན་རྒྱ་ཡུལ་གཉིས་དབར་ཧོང་ཀོང་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་གྲོས་མཐུན་དེར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མཐོང་ཐུབ། དེར་བརྟེན་ངས་མང་གཙོའི་རྒྱལ་ཁབ་ཚོར་རེ་འདུན་ཞུ་རྒྱུར། རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆེད་དུ་ང་ཚོས་རྒྱབ་སྐྱོར་བྱེད་དགོས། ཞེས་གསུངས། །