ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡ རེས་གཟའ་པ་སངས།
༄༅། །ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ ཧྲིལ་པོ་འཁོར་བའི་དྲན་གསོ་དང་བསྟུན། སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Scottish Parliament Cross Party Group on Tibet ཚོགས་གཙོ་ལྕམ་སྐུ་ལིན་ཌ་ཧྥ་བྷེ་ནི་ Ms Linda Fabiani MSP མཆོག་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་རོ་སི་གྷི་རིར་ Hon Ross Greer མཆོག་གིས་ཨིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ཌོ་མེ་ནེ་ཁི་རབ་ Dominic Raab མཆོག་ལ་ཞུ་ཡིག་ཅིག་ཕུལ་བའི་ནང་འཁོད་དོན།
ང་ཚོས་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་ཞུས་ཏེ་སྐུ་ཉིད་ལ་ཨིན་ཡུལ་གཞུང་གིས་རྒྱ་ནག་གཞུང་དང་ལྷན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་བདེ་སྡུག་སྐོར་གླེང་སློང་གནང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གིས་མཁྱེན་གསལ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ལོར་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་དང་ཡོངས་ཁྱབ་གསལ་བསྒྲགས་མཛད་ནས་ཉིན་གསུམ་གྱི་རྗེས་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་བཅས་བཙན་ཁྲིད་གསང་ཉར་བྱས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་འདས་པའི་ལོ་ངོ་ ༢༥ རིང་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་ཆེད་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ལས་དོན་ཚོགས་ཆུང་ UN Committee on the Rights of the Child དང་ལྷན་དུའང་གནད་དོན་དེའི་སྐོར་གླེང་སློང་གནང་ཡོད། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་གཟུགས་གསལ་ཐང་ཡིན་པ་དང་། རིན་པོ་ཆེ་མཆོག་ཕྱིའི་ཐེ་བྱུས་མེད་པར་ཁུ་སིམ་པོར་བཞུགས་འདོད་ཡོད་པ་རེད། ཅེས་བརྗོད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ལོར་ཆུང་སྲིད་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་རང་དབང་གི་ཆེད་མཁས་མི་སྣ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་གོང་གི་གནས་ཚུལ་དེ་བདེན་པ་ཡིན་མིན་སླད་མཇལ་འཕྲད་ཞུ་བཅུག་མེད།
དེར་བརྟེན་ང་ཚོའི་ངོས་ནས་སྐུ་ཉིད་མཆོག་གིས་ཕྱི་འབྲེལ་གྱི་ཐབས་བྱུས་ཇི་ཡོད་བརྒྱུད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་འདི་རྒྱ་ནག་གཞུང་དང་ལྷན་དུ་གླེང་སློང་གནང་རྒྱུའི་མཚོན་པས་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་གི་ཐོབ་ཐང་ལ་བརྩི་བཀུར་དང་། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་ཡབ་ཡུམ་རྣམ་པའི་སྐུ་གཟུགས་གསལ་ཐང་ཡིན་མིན་སྐོར་རང་དབང་གི་རྟོག་ཞིབ་གནང་འཇུག་དགོས་པའི་སྐོར་གླེང་སློང་གང་ཐུབ་གནང་རོགས། ཞེས་འཁོད་འདུག་པ་བཅས། །