ཕྱི་ལོ ༢༠༢༠ ཟླ་ ༥ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ད་བར་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ཧྲིལ་པོ་ ༢༥ འཁོར་བཞིན་པའི་དུས་སྐབས་དང་བསྟུན། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡིག་པོམ་པེའོ་ Mike Pompeo མཆོག་གིས་རྒྱ་ནག་གཞུང་ལ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་དང་གནས་སྟངས་ཇི་ཡིན་འཛམ་གླིང་མི་མང་ལ་གསལ་བཤད་མཐིལ་ཕྱིན་པ་ཞིག་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་མིའི་ཐུན་མིན་ཆོས་དང་སྐད་ཡིག ཡུལ་གོམས་གཤིས་ལུགས་རྩ་མེད་བཟོ་རྒྱུའི་ལས་འགུལ་མུ་མཐུད་སྤེལ་བཞིན་པ་དེར་ཨ་རིའི་གཞུང་ལ་སེམས་འཚབ་ཆེན་པོ་ཡོད་པ་གསལ་འདོན་གནང་བར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུ་དོན། ཨ་རིའི་གཞུང་གིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་བ་མ་ཟད། ཐེངས་འདིར་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་སླད་རྒྱབ་སྐྱོར་ཤུགས་ཆེ་འདི་ལྟ་བུ་གནང་བ་ནི་དུས་ཡུན་རིང་པོའི་རྗེས་བྱུང་བ་ཞིག་ཡིན་སྟབས། བོད་མི་ཚོར་ཨ་རིའི་གཞུང་གིས་མུ་མཐུད་རྒྱབ་སྐྱོར་སྲ་བརྟན་རྒྱུན་སྐྱོང་གནང་བཞིན་པ་གསལ་འདོན་གནང་བ་ཞིག་མཚོན་ཐུབ། ཅེས་གསུངས། །