ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༨ རེས་གཟའ་ཕུར་བུའི་ཕྱེད་ཡོལ་ཆུ་ཚོད་ ༥ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་གསར་འགོད་ལྷན་ཚོགས་སྐབས་གསུང་དོན། སྤྱིར་ཐེངས་འདིར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་པ་དེར་བཀའ་ཤག་ནང་བཀའ་བློན་རྣམ་པ་བཀའ་བསྡུར་གནང་སྟེ་གསལ་བསྒྲགས་སྤེལ་གྲུབ་ཡོད། འོན་ཀྱང་སྲིད་སྐྱོང་གི་ལངས་ཕྱོགས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སུས་མཚན་སྨད་ཞུས་ཀྱང་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དེར་བརྟེན་ཐེངས་འདིར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཞུ་རྒྱུ་ཡིན། སྔ་ཕྱི་བར་གསུམ་དུ་ངའི་ལངས་ཕྱོགས་འདི་ལྟར་ཡིན། སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ང་ཚོའི་རྩ་བའི་བླ་མ་རེད། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རེད། མགོན་པོ་གང་ཉིད་ཀྱི་བཀའ་དྲིན་དང་མཛད་འཕྲིན་ལ་བརྟེན་ནས་ང་ཚོ་ཚང་མ་མགོ་ཁྱག་ཁྱག་བྱ་རྒྱུ་བྱུང་ཡོད།
འདི་ལོར་མགོན་པོ་མཆོག་དགུང་གྲངས་ ༨༥ བཞེས་ཚུལ་བསྟན་ཡོད་སྟབས། བཀའ་ཤག་ནས་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོར་སྲུང་བརྩི་ཞུ་གཏན་འཁེལ་ཡོད། མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་ཁོང་གི་རླབས་ཆེན་གྱི་མཛད་རྗེས་དེ་དག་གང་ཡིན་པ་དང་ཐོག་རང་གིས་ཤེས་རྟོགས་ཐུབ་དགོས། དེ་ནས་མི་རབས་གཞོན་པ་ཚོར་མགོན་པོ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་དེ་དག་ངོ་སྤྲོད་གནང་དགོས།
ཕྱོགས་མཚུངས་ཕྱི་རྒྱལ་བ་ཚོ་ལའང་ངོ་སྤྲོད་གནང་དགོས་པ་ཧ་ཅང་གནད་འགག་ཆེན་པོ་རེད། གང་ཡིན་བརྗོད་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གཏོང་གནང་མཛད་མཁན་ཡིན་པ་ལས་བསྟན་པ་བཤིག་མཁན་ཞིག་རྩ་བ་ཉིད་ནས་མ་རེད། དེ་ལྟ་བུ་བསྟན་བཤིག་ཡིན་པ་བསམ་བློའི་ནང་འཁོར་སྲིད་དོགས་མེད། བསམ་བློ་འཁོར་བ་ཙམ་གྱིས་སྡིག་པའི་རྒྱུ་རེད།
ལོ་རྒྱུས་ཐོག་ནས་གཟིགས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དྲུག་ལ་༸རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་ཞུས་པ་རེད། དགུང་གྲངས་ ༡༦ ཐོག་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས། སྐབས་དེར་བོད་རྒྱ་མིས་བཙན་བཟུང་བྱས་ཟིན། མི་རབས་རྒན་པ་མང་པོ་ཡོད་ཀྱང་མགོན་པོ་མཆོག་ལ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མངའ་གསོལ་བ་རེད། དུས་དེ་ནས་ད་བར་ལོ་ ༧༠ རིང་སྐུ་ངལ་ཧ་ཅང་བསྐྱོན་པ་མ་ཟད། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་མིས་དབང་སྒྱུར་བྱས་རྗེས་བཙན་བྱོལ་དུ་༸ཞབས་སོར་བཀོད། སྐབས་དེར་བཙན་བྱོལ་ནང་ལ་ང་ཚོར་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད། ང་ཚོར་བདག་པོ་རྒྱག་མཁན་སུ་གང་ཡང་མེད། མགོན་པོ་གང་ཉིད་ཀྱི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བཙན་བྱོལ་ནང་དུ་གཞིས་ཆགས་ཁག་དང་དགོན་པ། སློབ་གྲྭ། སྨན་ཁང་སོགས་གསར་འཛུགས་མཛད་པ་དང་། ལྷག་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གསར་འཛུགས་མཛད་ནས་འཛམ་གླིང་ནང་རང་བཙན་ཡོད་མཁན་གྱི་རྒྱལ་ཁབ་ལས་གནས་སྟངས་བཟང་བ་ཞིག་ཡོད་པ་ཆགས་ཐུབ་ཡོད།
དེ་དག་ཐམས་ཅད་མགོན་པོ་གང་ཉིད་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་ཡོད། བོད་ནང་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པར་རྒྱ་ནག་གཞུང་གིས་རྩ་མེད་བཏང་ནས་གྲྭ་བཙུན་མེད་པ་བཟོས་ཡོད་ཀྱང་མགོན་པོ་གང་ཉིད་ཀྱི་ཐུགས་རྗེའི་བཀྲིན་ལ་བརྟེན་ནས་འཛམ་གླིང་ནང་དུ་སངས་རྒྱས་ཀྱི་བསྟན་པ་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་མཛད་དང་མཛད་མུས་ཡིན།
དེར་བརྟེན་ཐེངས་འདིར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ངོས་ནས་མགོན་པོ་མཆོག་ལ་མཚན་སྨད་ཞུས་པ་དེར་བློ་ཕམ་ཚད་མེད་བྱུང་། དེར་མོས་མཐུན་རྩ་བ་ཉིད་ནས་བྱེད་ཐབས་མེད། ཁོང་ནས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་མཁྱེན་པའི་སྒོ་ནས་བཟོད་གསོལ་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངས་ཆོས་སྐོར་དེ་ཙམ་ཤེས་ཀྱི་མེད། འོན་ཀྱང་སྒེར་གྱི་བསམ་ཚུལ་ལྟར་ན། ཆོས་ཕྱོགས་སྐོར་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པ་ཞིག་སུ་གང་མེད་པར་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་མགོན་པོ་མཆོག་ལ་མཚན་སྨད་ཞུས་པ་ཡིན་ན་འགྲིག་ཐབས་རྩ་བ་ནས་མེད། ཆབ་སྲིད་ཐོག་ལ་ཡིན་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་ ༧༠ རིང་ལ་སྐུ་ངལ་འཛེམས་མེད་ཐོག་ནས་བོད། ཅེས་པ་འཛམ་གླིང་ཐོག་མ་ཤི་བར་གསོན་པོར་གནས་ཐུབ་ཡོད།
བོད་མི་སུ་འདྲ་ཞིག་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐྱོད་སྐབས་ཕྱི་རྒྱལ་བ་ཚོས། ཁྱེད་ཚོ་ཏཱ་ལའི་བླ་མའི་མི་རེད། ཅེས་བརྗོད་སྐབས་ང་ཚོས་ཀྱང་གདེང་སྤོབས་ཆེན་པོས་དེ་ལྟར་ཡིན། ཞེས་ལན་འདེབས་བྱེད་སྲོལ་ཡོད། དེ་ལྟར་བྱེད་ཐུབ་པ་དེའང་ཁོང་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་ཡོད། དེར་བརྟེན་ཆོས་སྲིད་གང་གི་ཐད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སུས་མཚན་སྨད་ཞུས་ཀྱང་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཞུ་རྒྱུ་ཡིན། གཞི་རྩའི་བཀའ་ཤག་ནས་གསལ་བསྒྲགས་གནང་ཟིན་ཡང་སྲིད་སྐྱོང་གི་ལངས་ཕྱོགས་གསལ་པོ་བཟོ་འདོད་བྱུང་། ཞེས་གསུངས།།