ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས། ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ཀྱིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ འཁོར་བ་དང་རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་གལ་གནད་ཅེས་པའི་བརྗོད་གཞི་ཐོག་དྲ་རྒྱ་བརྒྱུད་བགྲོ་གླེང་ཚོགས་ཡོད།
དེ་ཡང་བགྲོ་གླེང་གི་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་ཆེད་ཟླ་གྲངས་གཅིག་རིང་ཞུ་གཏུག་གི་ལས་འགུལ་ཉིན་མཐའ་མ་དེ་ཆགས་ཡོད། བཀའ་ཤག་སྐབས་གཉིས་ཀྱི་ལས་ཡུན་སྐབས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་སླད་ཧུར་ཐག་འབད་ཐག་གིས་འབད་བརྩོན་ཞུས་པ་ནང་བཞིན་རྒྱལ་སྤྱིའི་ཐོག་ནས་ཧ་ཅང་ཚད་མཐོན་པོའི་རྒྱབ་སྐྱོར་གནང་ཡོད། དེའི་ཐད་ཕྱག་ལས་གནང་མཁན་གཙོ་བོ་མི་མང་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། ཐད་ཀར་འབྲེལ་བ་ཡོད་མཁན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་། ཨིན་ཡུལ་སྐུ་ཚབ་དོན་གཅོད། སུད་སིའི་སྐུ་ཚབ་དོན་གཅོད། སྦེལ་ཇམ་སྐུ་ཚབ་དོན་གཅོད་སོགས་ཆགས་ཡོད།
ལྷག་པར་ཨ་རི་དང་ཡུ་རོབ་བཅས་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་སོང་། སྐུ་ཚབ་དོན་གཅོད་རྣམ་པས་ཧུར་ཐག་འབད་ཐག་གནང་བར་བརྟེན་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་ཡོད། དེར་བརྟེན་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། གྲོས་ཚོགས་འཐུས་མི་ ༡༨༠ ཙམ་དང་རྒྱལ་ཁབ་ཁག་ ༡༥ ཙམ་གྱི་སྐུ་ཚབ་རྣམས་ནས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་བསྒྲགས་གཏམ་སྤེལ་ཡོད། དེ་བཞིན་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་ BBC དང་། CNN , The New York Times, Times, NDTV, Diploma, ABC སོགས་ཀྱིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་སྐོར་གནས་ཚུལ་གཟབ་རྒྱས་སྤེལ་འདུག
དེས་གཙོ་བོ་བདེན་པ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མཐོ་སློབ་མཐར་ཕྱིན་པ་རེད་ཅེས་བརྗོད་ཀྱི་འདུག ཡིན་ཡང་ང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་གཟུགས་གསལ་ཐང་ཡིན་ན་ང་ཚོར་དཔང་རྟགས་དང་བཅས་སྟོན་རོགས་ཞེས་འབོད་སྐུལ་བྱེད་ཀྱི་ཡོད། གཞན་ཡང་ང་ཚོར་བདེན་པ་ཡོད་སྟབས་རྒྱལ་སྤྱིའི་ཐོག་ནས་ཀྱང་ང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་དང་གནང་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
ཐེངས་འདིའི་དྲ་ཐོག་གི་བགྲོ་གླེང་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་དང་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ལས་ཁང་གིས་ངོ་དེབ་བརྒྱུད་ཐད་གཏོང་གནང་ཡོད། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་ཡོད་པ་བཅས།།